《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ཟླ་བ་ཚེ་རིང་གི་ནང་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།

སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་འཇང་རིགས་འདུས་སྡོད་ཁུལ་ཡིན་པ་དང་འཇང་རིགས་དུད་ཚང་284དང་མི་1328ཡོད་པ་དེས་ཤང་ཡོངས་ཀྱི་མི་འབོར་གྱི་30%ཟིན་པ་མ་ཟད། ཚང་མ་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོར་འཚོ་སྡོད་བྱེད་བཞིན་ཡོད།

ཟླ་བ་ཚེ་རིང་ཆུང་དུས་ནས་འཇང་མི་རིགས་གྲོང་ཚོའི་ཁྲོམ་ཐོག་ཚོགས་ཆུང་དུ་འཚོ་སྡོད་བྱེད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཤིག་ཡིན་པ་དང་། བགྲང་བྱ་ཉེར་བཞིའི་གོང་དུ་ཁོང་དང་བཟའ་ཟླ་དབང་མོ་ངོ་ཤེས་ནས་མི་ཚེའི་མཐུན་འཇུག་ལ་ཞུགས། དབང་མོ་དང་ངོ་ཤེས་པའི་སྐོར་ཤོད་སྐབས་ཟླ་བ་ཚེ་རིང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

དབང་མོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་འཇང་རིགས་བ་ཡིན་པ་དང་ཕྱིར་གླ་པར་འགྲོ་སྐབས། སྨར་ཁམས་ཆུ་ཤུགས་གློག་ཁང་དུ་གླ་པ་རྒྱུག་བཞིན་པའི་ཟླ་བ་ཚེ་རིང་ངོ་ཤེས། ཁོང་གཉིས་གཅིག་སེམས་གཅིག་ལ་ཆགས་ནས་མི་ཚེའི་མཐུན་འཇུག་ལ་ཞུགས་ཏེ། འཇང་མི་རིགས་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོའི་ཁོངས་མིར་གྱུར། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གཉེན་སྒྲིག་བྱས་མ་ཐག་པའི་སྐབས་སུ་ཟླ་བ་ཚེ་རིང་དང་དབང་མོའི་ཁྱིམ་གྱི་འཚོ་བ་དེ་ཙམ་ཡག་པོ་མེད་པས། འཚོ་བ་ཡག་པོ་ཞིག་སྐྱེལ་ཆེད། ཟླ་བ་ཚེ་རིང་ཕྱིར་གླ་པ་རྒྱུག་པར་ཕྱིན་ནས་ཡོང་འབབ་བསགས་ཏེ། ཞིང་སྤྱོད་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་ཞུགས་པ་ལས་འཚོ་བ་དྲགས་སུ་སོང་།

ད་ཆ་ཟླ་བ་ཚེ་རིང་གིས་ཕྱིར་གླ་པར་འགྲོ་བ་དང་དབང་མོས་ཁྱིམ་དུ་རྒན་རྒོན་ལ་ལྟ་རྟོག་དང་ཞིང་ལས་བྱས་ནས་ཁོང་གཉིས་ཀྱི་ལས་བགོས་ཧ་ཅང་གསལ་པོ་ཡོད། “ངེད་ཁྱིམ་ལ་ས་ཞིང་མུའུ་4ཡོད་པར་རྒུན་འབྲུམ་དང་། ཨ་ཤོམ། ཀུ་ཤུ་སོགས་བཏབ་པ་ལས་2018ལོར་རྒུན་འབྲུམ་ཨ་རག་རྒྱ་མ་1000ཙམ་བཙོངས་པ་ལས་ཡོང་འབབ་ཧ་ཅང་ཡག་པོ་བབས་བྱུང”ཞེས་ཟླ་བ་ཚེ་རིང་གིས་དགའ་སྤྲོའི་ངང་བརྗོད།

ཟླ་བ་ཚེ་རིང་དང་དབང་མོར་ཕྲུ་གུ་གཉིས་ཡོད་པ་ལས་བུ་མོ་བློ་བཟང་སྒྲོལ་མ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་དུ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་བུ་བློ་བཟང་སྨོན་ལམ་འདི་ལོ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་པ་རེད།

ཕ་མ་གཟུགས་གཞི་ཐང་བ་དང་། བཟའ་ཚང་འཆམ་ཞིང་མཐུན་པ། བུ་ཕྲུག་ཁ་ལ་ཉན་པ་བཅས་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་བ་ནི་ཟླ་བ་ཚེ་རིང་གི་རེ་འདུན་རེད་ལ། ད་ཆ་འཚོ་བ་འདི་འདྲ་དངོས་སུ་སྐྱེལ་བཞིན་ཡོད།

2018ལོར་ཟླ་བ་ཚེ་རིང་གིས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་60གཡར་ནས་རང་ཁྱིམ་གྱི་ཁང་པའི་འཁྲིས་སུ་ནང་མ་ཁང་ཞིག་བཙུགས་པ་དང་། འདི་ལོའི་ཟླ་གཉིས་པར་ཨར་པོ་བརྒྱབ་ཚར་ནས་ལས་གཉེར་བྱེད་འགོ་ཚུགས་ཏེ། ཟླ་བ་ཚེ་རིང་སྦྱིན་བདག་ཏུ་གྱུར་པ་དང་ཟླ་རེར་ཡོང་འབབ་སྒོར་ཁྲི་1ཙམ་ཡོད་པས་འཚོ་བ་དེ་བས་བདེ་ཞིང་སྐྱིད་པར་གྱུར།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དམ་ཆོས་ཀྱིས་ཞུས)