《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་། ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག ལྗོངས་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་དཔེ་བཟང་དགོན་སྡེ་གཏོད་པའི་ལས་དོན་ལ་ཕྱོགས་སྡོམ་བཅས་བྱས་པ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྤེན་པ་བཀྲ་ཤིས་དང་། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད། ཀྲུའུ་ཞི་སྡིངས་ཆའི་མདུན་ངོས་སུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་དགོན་སྡེ་དང་། ཕུལ་བྱུང་གྲྭ་བཙུན། ཕུལ་བྱུང་རྩ་འཛུགས་ཚན་པ། ་ཕུལ་བྱུང་དགོན་སྡེའི་དོ་དམ་ལས་བྱེད་པ། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པ་བཅས་ཀྱི་འཐུས་མིར་བྱ་དགའ་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ཤར་ཚུན་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སློབ་གསོ་ལག་ལེན་གྱི་བྱེད་སྒོས་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ་དང་། སློབ་སྦྱོང་མཐོར་གཏོང་ཁྲིད་སྟོན་དུ་བྱེད་པ། བྱེད་སྒོ་ཁག་བརྒྱད་དམ་འཛིན་བྱ་གཞིར་བྱེད་པ། མཐོ་ས་ནས་སྐུལ་གཏོང་མཐའ་འཁྱོངས། གསར་གཏོད་སྐུལ་གཏོང་མཐའ་འཁྱོངས། ཞིབ་བཤེར་ནན་པོ་དང་བཅོས་སྒྲིག་ནན་ཏན་མཐའ་འཁྱོངས། ལམ་ལུགས་སྐུལ་གཏོང་མཐའ་འཁྱོངས་བཅས་བྱས་པས་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་དུ་སོང་བ་དང་། རྒྱ་ཆེའི་གྲྭ་བཙུན་གྱི་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱུན་ཆད་མེད་པར་བརྟན་དུ་སོང་བ། སྲོག་ཤིང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཡིན་མིན་དབྱེ་འབྱེད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ནས་མི་དམངས་ཀྱི་གཙོ་འཛིན་ལ་ལྷག་བསམ་རྣམ་དག་ངང་གོང་བཀུར་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་གཅིག་གྱུར་བྱུང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་ཀྱི་རང་རྟོགས་འཕེལ་བ། ཚུལ་ཁྲིམས་རྣམ་དག་ངང་སྒོམ་སྒྲུབ་ཉམས་ལེན་གྱི་རང་རྟོགས་ཆེ་རུ་སོང་བ། བསམ་སྦྱོར་གཅིག་མཐུན་གྱིས་ཞི་བདེ་མཉམ་སྐྲུན་གྱི་འགན་འཁྲིའི་རང་རྟོགས་ཆེ་རུ་སོང་ཡོད།

ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་དེ་བས་ནན་པ་དང་ཏན་ཏིག་གི་བྱ་ཐབས་སྤྱད་དེ་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་ཁྲིད་སྟོན་རྒྱུན་ཆད་མེད་པར་བྱེད་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་སློབ་གསོ་ལག་ལེན་བྱེད་སྒོ་ལམ་ལུགས་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དམིགས་ཚད་དུ་བྱས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་བསྟན་དོན་དང་འདུལ་ཁྲིམས་ཐད་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་ལ་སྣེ་ཁྲིད་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གཞི་རྩར་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》དྲིལ་བསྒྲགས་ལག་བསྟར་དམ་འཛིན་བྱ་གཞིར་བྱས་ནས་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་བསམ་བློའི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་སྡུད་ཡོང་བར་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་ཆབ་སྲིད་ཐད་བློས་འཁེལ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པའི་སྔོན་ཐོན་གྱི་གྲྭ་བཙུན་བརྩོན་ལེན་བྱེད་དགོས། ཆོས་ལུགས་ཐད་ཐོས་བསམ་ཟབ་པའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་སྒོམ་སྒྲུབ་ཉམས་ལེན་དང་བསླབ་པ་སློབ་གཉེར་གྱི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་དགོས། སྤྱོད་ལམ་ཐད་དམངས་མགུ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བཟང་བའི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་དགོས། འགག་རྩའི་དུས་ནུས་པ་ཐོན་པའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་ནུས་པ་འདོན་སྤེལ་གྱི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་དགོས།

གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།

(བདེ་སྒྲོལ་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)