《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོཌ་པ།

ཏིང་ཡེ་ཤན་དང་སུའེ་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་23དང་24ཉིན་གཉིས་རིང་རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ཚོགས་པའི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་སུའེ་ཅུན་རྣམ་གཉིས་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་བཞིན་ཏིང་ཡེ་ཤན་གྱིས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཚོགས་ཞུགས་འཐུས་མི་དང་ལྗོངས་ཡོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེ་དེ་བཞིན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ཚོགས་པའི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཏིང་ཡེ་ཤན་གྱིས་དུས་ཡུན་རིང་པོའི་ནང་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེ་ཚོས་བོད་རྙིང་པའི་མུན་ནག་དང་དཀའ་སྡུག་སེམས་ལ་བརྟན་པོར་ངེས་ཏེ་བོད་གསར་པའི་འོད་ཟེར་དང་བདེ་སྐྱིད་ཚོར་བ་མ་ཟད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་རྟོགས་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། ཕྱི་ཕྱོགས་དང་འབྲེལ་གཏུག་སྤེལ་རེས་བྱེད་རིང་རང་རྟོགས་ངང་ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་རྩ་འཛུགས་ཀྱིས་རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེམས་པ་མེས་རྒྱལ་ལ་ཕྱོགས་པ་དང་། བརྩེ་སེམས་ཕ་ཡུལ་ལ་འཆང་བ། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེ་དང་དེ་བཞིན་ཕྱིར་སྡོད་སྤུན་ཟླ་བཅས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་བཙུགས་ཏེ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་རྩ་འཛུགས་འཛུགས་སྐྱོང་དང་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་མ་བཏང་བས་ཕྱིར་སྡོད་རང་མིའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེ་དང་དེ་བཞིན་ཕྱིར་སྡོད་སྤུན་ཟླ་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཕྱར་བ་གྲུ་འདེགས་ངང་བློ་སེམས་གཅིག་མཐུན་བྱེད་པ། བློ་ཁོག་ཆེན་པོས་དུས་རབས་གསར་པའི་འགན་འཁྲི་འཁུར་བ་བཅས་ཀྱི་སྒོ་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་མ་གཏོང་རིང་བྱས་རྗེས་ཆེན་པོ་འཇོག་པ་དང་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།“མོས་སེམས་ལྔ”ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་བསྒྲིལ། བློ་སེམས་གཅིག་མཐུན་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་བྱ་གཞག་ལ་མཉམ་དུ་སྐུལ་མ་གཏོང་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་ཧྭའི་རིག་གནས་བརྒྱུད་སྤེལ་དང་བོད་གསར་དྲིལ་བསྒྲགས་བྱེད་པར་དམིགས་བསལ་གྱི་ལེགས་སྐྱེས་འབུལ་དགོས། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། ཕྱིར་སྡོད་རང་མིའི་བློ་གྲོས་གཅིག་ཏུ་སྒྲིལ་བ། ཕྱིར་སྡོད་རང་མིའི་སྟོབས་ཤུགས་འདོན་པ་བཅས་ཀྱི་སྒོ་ནས་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་དང་རླབས་ཆེན་གྱི་ཕུགས་འདུན་འགྲུབ་པར་བྱེད་དགོས། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཇི་མ་ཇི་བཞིན་གྱི་བོད་ལྗོངས་དྲིལ་བསྒྲགས་བྱས་ཏེ་ཡང་དག་པའི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་བོད་ལྗོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་རྩ་འཛུགས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཕྱིར་སྡོད་རང་མིའི་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཀྱི་མཐའ་ཚད་སྲུང་བ། ལས་ཀའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)