《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྫོང་རྒྱལ་ཁབ་གློག་དྲའི་གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་དངོས་སུ་བཅུག་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། “དེ་སྔོན་གློག་སྤྱོད་རྒྱུ་དཀའ་ངལ་ཆེ་ཙམ་ཡོད་པ་དང་། སྐབས་སྐབས་སུ་གློག་མེད་པར་ཡང་ལཱ་སྤོར་དགོས་ཀྱི་ཡོད། ད་ཆ་གློག་དྲ་ཆེ་མོ་ཤར་གཏོང་ཐུབ་པས་སླད་ཕྱིན་འཚོ་བའི་ཐད་གློག་ཡག་པོ་སྤྱོད་ཐུབ་རྒྱུ་རེད”ཅེས་མཚོ་གཉིས་རྫོང་གི་གྲོང་མི་ནོར་བཟང་གིས་དགའ་ཚོར་ཆེན་པོས་བརྗོད་པ་རེད།

ཚེས་24ཉིན་གྱི་སྔ་དྲོ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་སྤྱོད་འགོ་ཚུགས་པའི་ས་གནས་ས་ཐོག་ཏུ་དྲོད་སྲུང་སྟོད་གོས་མཐུག་པོ་གྱོན་པའི་གློག་ཤུགས་ལས་དོན་མི་སྣས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་པའི་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པའི་ཁོར་ཡུག་འོག་མཚོ་གཉིས་རྫོང་གྲོང་དུ་རྒྱལ་ཁབ་གློག་དྲའི་གློག་དྲ་གཙོ་བོ་མཐུད་རྒྱུའི་ཆེས་མཐའ་མའི་གྲ་སྒྲིག་བྱེད་བཞིན་ཡོད།

གསར་འགོད་པར་གློག་ཤུགས་སྒྲིག་ཆས་ཁང་ནས་ལས་དོན་མི་སྣས་གཏན་འཁེལ་བྱས་པའི་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་ལ་གཞིགས་ནས་སྒྲིག་ཆས་སྐོར་ཞིབ་ཟིན་བྲིས་རེའུ་མིག་ཐོག་ཐོ་བཀོད་དེ་སྒྲིག་ཆས་འཁོར་རྒྱུག་རྒྱུན་གཏན་ཡིན་མིན་གཏན་འཁེལ་བྱེད་བཞིན་ཡོད། ལས་དོན་མི་སྣས་གློག་སྒོ་མཐའ་མ་དེ་ཞིབ་བཤེར་བྱས་རྗེས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྫོང་གྲོང་དེ་རྒྱལ་ཁབ་གློག་དྲའི་གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་དངོས་སུ་བཅུག་པ་རེད།

མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལས་བརྒལ་བ་དང་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མཁའ་རླུང་ནང་དབྱང་རླུང་འདུས་ཚད་ནང་སའི་40%ལས་མེད་པ་དང་། ལོ་ལྟར་འཁྱོལ་དཀའ་བའི་དགུན་ཁའི་དུས་ཚོད་ཟླ་བ་10ཙམ་ཡོད་ཅིང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད། “དཀའ་ཚེགས་ཆེ་བའི་ཁུལ”འདི་ལྟ་བུར་མཚོ་གཉིས་རྫོང་གི་གློག་དེ་ཙམ་བརྟན་པོ་མེད།

“སྔར་ནས་ད་བར་མཚོ་གཉིས་རྫོང་གིས་འོད་ཤུགས་གློག་ཁང་ཁོ་ནར་བརྟེན་ནས་རྫོང་ཡོངས་སུ་གློག་གཏོང་བ་དང་། དགུན་ཁ་གངས་མ་ཆར་བབས་པའི་གནམ་གཤིས་བསྟན་མང་བ་དང་ཉི་འོད་འཕྲོ་ཚད་ཐུང་བས་དགུན་ཁ་སླེབས་རིམ་བཞིན་རྫོང་ཡོངས་སུ་གཞི་ཁྱོན་ཆེ་བའི་གློག་ཆད་པ་དང་གློག་ཚད་བཀག་བཟོ་དགོས་པ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད་པས་རྒྱུན་གཏན་གྱི་འཚོ་བར་སྟབས་བདེ་མེད”ཅེས་མཚོ་གཉིས་རྫོང་གི་རྫོང་དཔོན་གཞོན་པ་ཅིང་ཆིས་བརྗོད་པ་རེད།