《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

ཆེ་དགྲ་ལྷས་གཙུག་ལག་ཁང་དུ་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ཀྱི་ཞབས་ཞུ་དོ་དམ་ལས་དོན་ལ་ཞིབ་བཤེར་གནང་བ།

ཏིང་ཡེ་ཤན་དང་ཀྲོང་ཡན་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་གཙུག་ལག་ཁང་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་མང་ཚོགས་ཀྱི་ཞབས་ཞུ་དོ་དམ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་མོང་ཞའོ་ལིན་དང་། ཀྲང་ཧུང་པོ། ལི་ཀོང་ཆོན་སོགས་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷ་དང་བཅས་པས་ཞབས་ཐང་མར་ཞིབ་བཤེར་བཅར་འདྲི་གནང་ནས་འབྲེལ་ཡོད་འགན་ཁུར་བར་འདྲི་རྩད་སྤེལ་རེས་གནང་བ་དང་འབྲེལ། བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་མང་ཚོགས་ཀྱི་ཞབས་ཞུ་དོ་དམ་ལས་དོན་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་རེད། དེ་ཁུལ་དུ་དད་ལྡན་མང་ཚོགས་དང་ས་གནས་ཁག་གི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད་པ་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་དཔུང་ཁག་གིས་ཡ་རབས་དང་ལྡན་པའི་སྒོ་ནས་ལས་སྒྲུབ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པའི་ཁར། འགན་ལེན་བྱ་ཐབས་ཁག་འཐུས་སྒོ་ཚང་ལ་ནུས་ལྡན་དང་དོན་འཁྱོལ་ཏན་ཏིག་ཐུབ་པ་གཟིགས་སྐབས་ཆེ་དགྲ་ལྷ་ཐུགས་བློ་བདེ་པོ་བྱུང་བ་རེད།

ཆེ་དགྲ་ལྷས། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་དང་པོའི་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེ་མོ་སྐྱོང་བ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་ཟབ་ཏུ་བཏང་སྟེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་དགོན་སྡོད་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཆེ་དགྲ་ལྷས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་དཔྱད་བྱེད་དགོས། བག་མེད་ལྷོད་གཡེང་དང་རྨོངས་ཚོད་ཀྱི་སྤྲོ་སྣང་བསམ་བློ་རྦད་དེ་དོར་ནས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེན་ཁ་ཆེ་རིགས་འགོག་ཟོན་ནུས་ལྡན་དང་སེལ་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལེགས་པར་སྒྲུབ་དགོས། “བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ”མཐའ་འཁྱོངས་བྱས་ནས་དོགས་ཟོན་ཆེར་སྐྱེད་དང་བདེ་སྡོད་ཉེན་བསམ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་ལེན་བསྟར་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)