《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

རང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་ཐོག་མ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཟླ་12ཚེས་18ཉིན། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བོད་རང་སྐྱོང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་དངོས་སུ་བཙུགས་པ་ལས་བོད་ཀྱི་དངུལ་རྩས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་རང་ལྗོངས་ཀྱི་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་2ཀྱིས་ལས་སྟེགས་བརྒྱུད། ཞིང་ལས་དངུལ་ཁང་གྲོང་བྱང་ཉིང་ལག་དངུལ་ཁང་ལ་སྒོར་ཁྲི་800དང་ཀྲུང་གོ་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་ལ་སྒོར་ཁྲི་150ཡི་དངུལ་བུན་གཡར་བའི་རེ་བ་ཞུས་པ་དང་། ཞིང་ལས་དངུལ་ཁང་གྲོང་བྱང་ཉིང་ལག་དངུལ་ཁང་དང་ཀྲུང་གོ་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་ས་གནས་ས་ཐོག་ཏུ་ལས་སྟེགས་བརྒྱུད། ཁེ་ལས་དེ་གཉིས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་ཚུར་ལན་བཏབ་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཞིབ་ཕྲའི་གནས་ཚུལ་དྲ་ཕྱིར་མུ་མཐུད་སྦྲེལ་མཐུད་བྱས་པས་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གཡར་ཐུབ་ཚད་དང་། སྟབས་བདེ་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་ཕྱིན་ནས་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཐའ་མའི་འགག་གནད་བསལ་ཡོད་པ་རེད།

2019ལོ་ཚུན་དུ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཚད་གཞི་དམའ་རུ་གཏོང་བ་དང་། དབུལ་སྐྱོར་དངུལ་བུན་གཏོང་བ། དུས་མ་ཐིམ་པའི་སྐྱེད་ཀ་སྤྲོད་པ་སོགས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་སྤྱད་ནས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་འཛུགས་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྔོན་ཐོན་དང་འཐུས་ཚང་གི་ལས་སྟེགས་སྤྱོད་སྟངས་དཔྱད་གཞིར་འཛིན་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“རང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས”གསར་སྤེལ་སྤྱོད་འགོ་ཚུགས་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)