《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月16日

“དབྱང་ཐིང་ཨན་བཅུ་ཤོག”གི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ།

1964ལོའི་ཟླ་དྲུག་པའི་ཟླ་འགོར། ཀོང་པོ་རྒྱ་མདའ་རྫོང་ལ་ཐན་སྐྱོན་ཆེན་པོ་ཞིག་བྱུང་ནས། ས་ཞིང་ཚང་མ་སྐམ་པ་དང་ལོ་ཏོག་སེར་པོར་གྱུར། ས་གནས་དེ་གར་བཅའ་སྡོད་དམག་དཔུང་གིས“ཐན་སྐྱོན་སེལ་བ་དམག་འཐབ་རྒྱག་པ་དང་འདྲ་ལ། མྱུ་གུ་སྐྱོབ་པ་མིའི་སྲོག་སྐྱོབ་པ་དང་འདྲ”ཞེས་པའི་འབོད་སྐུལ་བྱས་ནས། མང་ཚོགས་དང་མཉམ་དུ་ཐན་སྐྱོན་བསལ་ཏེ་ལོ་ལེགས་ཡོང་ཐབས་བྱས་པ་རེད།

བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གི་ལེན་གཉིས་པའི“དབྱང་ཐིང་ཨན་བཅུ་ཤོག”གིས་ཐན་སྐྱོན་ཚབས་ཆེ་ཤོས་ཡིན་པའི་ཀོང་པོ་རྒྱ་མདའ་རྫོང་གླང་དཀར་ཤང་སྒང་མཇུག་གྲོང་ཚོའི་ཐན་སྐྱོན་བསལ་ནས་ལོ་ལེགས་ཡོང་བའི་ལས་དོན་གྱི་འགན་ཁུར་བ་དང་། “དབྱང་ཐིང་ཨན་བཅུ་ཤོག”གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ལས་ཀ་ཧུར་ཐག་བྱས་ཤིང་། འཐབ་འཛིང་པ་10ཡིས་ཆུ་ཟོམ་ཡོད་ཚད་སྤྱད་དེ་ཆུ་དབོར་མོད། འོན་ཀྱང་ཐན་པ་ཚབས་ཆེ་བའི་རྐྱེན་གྱིས་ཁྲོན་པའི་ཆུ་དང་ལུང་ཤུར་གྱི་ཆུ་སྐམ་ཚར་པས། འཐབ་འཛིང་པ་ཚོ་རི་ནས་བབས་ཏེ་ཉང་ཆུའི་ཁར་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། མི་གཉིས་རེ་བྱས་ནས་ཆུ་སྤྱི་རྒྱ་100ལྷག་ཙམ་བླུགས་པའི་ཆུ་ཟོམ་རེ་ཁུར་ཏེ་ལ་འགོར་འཛེགས་རྗེས་སྨི་500ལྷག་བསྐྱོད་ན་གཞི་ནས་ཞིང་ཁའི་ནང་དུ་སླེབས་ཀྱི་ཡོད་པ་རེད། ཁོང་ཚོས་བཙན་རྫོང་གཏོར་བ་ཇི་བཞིན་ཞིང་ཁ་ཁག་ལ་ཆུ་དབོར་ནས་མྱུ་གུ་མི་སྐམ་པར་བྱས་པས། འཐབ་འཛིང་པ་ཚོའི་ཕྲག་པ་སྐྲངས་ནས་དམར་པོ་ཆགས་ཀྱང་སྡུག་ཡུས་ཤོད་མཁན་གཅིག་ཀྱང་མེད་པ་རེད།

“དབྱང་ཐིང་ཨན་བཅུ་ཤོག”གི་ཁང་བདག་ནི་ལོ་58ལ་སླེབས་པའི་ཨ་མ་རིག་སྒྲོན་ཡིན་ཞིང་། ཁོང་གི་ཞིང་ཁར་ཐན་སྐྱོན་ཚབས་ཆེན་བྱུང་བས་འཐབ་འཛིང་པ་ཚོས་རོགས་སྐྱོར་གྱི་གཙོ་གནད་ཅིག་རེད། “དབྱང་ཐིང་ཨན་བཅུ་ཤོག”གི་འཐབ་འཛིང་པ་ཚོས་ལས་མཚམས་བཞག་ནས་ཕྱིར་ལོག་རྗེས་ཨ་མ་རིག་སྒྲོན་གྱི་ལས་ཀ་དང་པོ་ནི་ཁོང་ཚོའི་ཕྲག་པར་སྨན་བཅོས་བྱ་རྒྱུ་དེ་རེད། ཨ་མ་རིག་སྒྲོན་གྱིས་བཅུ་དཔོན་ཤུས་ཧྲུའུ་ཤན་ལ“ཁྱེད་ཚོ་བཅུ་ཤོག་ནང་གི་སུའི་མིང་ལ་དབྱང་ཐིང་ཨན་ཟེར་གྱི་ཡོད་དམ”ཞེས་དྲིས་པར་ཤུས་ཧྲུའུ་ཤན་གྱིས་ཨ་མ་རིག་སྒྲོན་ལ“དབྱང་ཐིང་ཨན་བཅུ་ཤོག”གི་དམག་འཐབ་ལོ་རྒྱུས་བཤད་པ་སྟེ། བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གི་ལེན་གཉིས་པའི་བཅུ་ཤོག་དྲུག་པའི་འཐབ་འཛིང་པ་བརྒྱད་པོས། 1962ལོའི་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཞིག་གི་ཁྲོད་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པ་དང་། བཅུ་དཔོན་དབྱང་ཐིང་ཨན་རང་སྲོག་ཤོར་རྗེས་པན་ཀྲང་གཞོན་པས་བཀོད་འདོམས་བྱས་པ་དང་། པན་ཀྲང་གཞོན་པ་ཡང་རང་སྲོག་ཤོར་རྗེས་འཐབ་འཛིང་པ་རྒན་གྲས་ཀྱིས་བཀོད་འདོམས་བྱས་པ་དང་། མཐར་བཅུ་ཤོག་དེར་མི་གཅིག་ལས་མ་ལྷག་ཀྱང་སྔར་བཞིན་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པ་རེད། རྗེས་སུ། རྒྱལ་སྲུང་པུས་བཅུ་དཔོན་དབྱང་ཐིང་ཨན་གྱི་མཚན་ཐོག་ནས་བཅུ་ཤོག་དྲུག་པར་མིང་བཏགས་པ་རེད་ཅེས་བཤད་རྗེས། ཨ་མ་རྒན་མོས་མཐེ་བོང་བསྒྲེངས་ནས“ཁྱོད་ཚོ་ཚང་མ་དབྱང་ཐིང་ཨན་དང་གཅིག་པ་རེད”ཅེས་བརྗོད་པ་རེད།

དམག་དམངས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་བྱུང་ཚེ་དཀའ་ངལ་གང་ཞིག་འཕྲད་ཀྱང་སེལ་ཐུབ། “དབྱང་ཐིང་ཨན་བཅུ་ཤོག”གིས་ཐན་འགོག་གེགས་སེལ་གྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་སྒང་མཇུག་གྲོང་ཚོ་ནས་ཕྱིར་ལོག་སྐབས། གྲོང་མི་ཚོས་དཀར་གཙང་མཇལ་དར་བསྒྲོན་པ་མ་ཟད། “ཕ་ཡུལ་གྱི་ནས་སོན་སྐྱེ་འཚར་ཐུབ་སོང་། བཅིངས་འགྲོལ་དམག་མིའི་ལྷམ་གོག་རལ་སོང་། ཕ་ཡུལ་དུ་གཉེན་ཉེ་མང་པོ་ཡོད་ཀྱང་བཅིངས་འགྲོལ་དམག་མི་ལྟར་བརྩེ་སེམས་ཟབ་མོ་མི་འདུག”ཅེས་གཞས་ཚིག་བརྩམས་ནས་བསྔགས་བརྗོད་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར་། པ་སངས་སྒྲོན་ལགས་ཀྱིས་ཞུས)