第16版: སེམས་སྐྱིད་ཇ་ཁང322/2019-11/05/16/2019110516_brief.jpg 上一版3
联系电话: 0891-6328752  广告电话:0891-63299960
下一篇 4 放大 缩小 默认
༄བརྗེད་པར་དཀའ་བའི་འགྲུལ་བཞུད་།
སྤེན་ཚེ་གཞོན་པ།

འདི་ནི་ངའི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་འགྲུལ་བཞུད་ཐེངས་གཅིག་ཡིན།

ཐེངས་ཤིག་རྩོམ་རིག་སྨྱུག་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ལ་ངེད་ཚོ་གཙང་ཁུལ་གྱི་རྩོམ་པ་པོ་མང་པོ་ཞིག་འཛོམས་འདུག ཚོགས་འདུ་གྲོལ་རྗེས་རྒན་པ་རྣམས་སྔ་ཙམ་ནས་ལོག་ཕེབས་པ་དང་། ང་ཚོ་ན་གཞོན་རྣམས་མུ་མཐུད་བགྲོ་གླེང་དང་ཆང་འཐུང་རྒྱག་བཞིན་མཚན་མོ་ཕྱི་པོའི་བར་དུ་བསྡད་པས་ང་རང་ཁྱིམ་ལ་ལོག་དུས་ཧ་ལམ་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་རེད། ལམ་འགྲམ་དུ་བདལ་གཏོང་རླངས་འཁོར་བསྒུགས་ནས་བསྡད་ཀྱང་དུས་ཚོད་འཕྱི་དྲགས་པས་བདལ་གཏོང་རླངས་འཁོར་གྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག གློ་བུར་དུ་ལམ་འགྲམ་ནས་སྐྱེས་པ་ཞིག་གིས་ང་རང་འབོད་པ་ཐོས་བྱུང། ངས་སྐད་གཏོང་སའི་ཕྱོགས་སུ་ལྟ་དུས་ཤོག་སྒམ་མཐོན་པོར་བརྩིགས་ཤིང་། གཡས་གཡོན་དུ་འཐུང་སྣོད་སྟོང་པ་བྱུར་བུར་བླུགས་པའི་རྫས་ཤོག་ཆེན་པོ་གཉིས་བཀལ་བའི་འཁོར་གསུམ་སྦག་སྦག་ཅིག་གི་ཐོག་རྒྱ་རིགས་སྐྱེས་པ་ཞིག་ཡོད་པ་མཐོང་བྱུང་། ངའི་སེམས་སུ་ཁོང་ལ་རོགས་པ་ཞིག་དགོས་ཀྱི་ཡོད་པ་འདྲ་བསམ་བྱུང་། ཁོང་གི་འཁྲིས་སུ་སླེབས་སྐབས། ཁོང་གིས་ང་ལ་ཁྱེད་རང་གང་དུ་འགྲོ་མཁན་ཡིན། ད་ལྟའི་དུས་ཚོད་ལ་འདི་རྒྱུད་དུ་རླངས་འཁོར་ཁག་པོ་རེད་ཟེར། ངས་ང་རང་འགྲོ་སའི་ལམ་དེའི་མིང་བཤད་པས། ཁོང་གིས་བྱས་ན་ཏག་ཏག་ལམ་ཞོར་རེད། ཁྱེད་རང་ངའི་སྦག་སྦག་ཐོག་དམ་པོར་བཟུང་ནས་སྡོད་དང་ཞེས་བཤད་བྱུང་།

ངས་ལམ་སྒྲོན་ལ་བརྟེན་ནས་ཁོང་ལ་ཞིབ་ལྟ་ཞིག་བྱེད་དུས་གཟུགས་ཆུང་ལ་ཤ་རིད་པ་དང་། ལུས་པོར་སྲིང་བལ་བར་འཚང་གི་སྟོད་གོས་ནག་པོ་མཐུག་པོ་ཞིག་གྱོན་ཡོད་པ་དང། དཔྲལ་སྟེང་དུ་གཏེར་བཏོན་ཆེད་སྤྱོད་གློག་བཞུ་ཞིག་བཀར་འདུག ཕལ་ཆེར་ལོ་ལྔ་བཅུ་ཙམ་ལ་སླེབས་ཡོད་བཟོ་འདུག

ང་རང་ཁོང་གི་སྦག་སྦག་འཁོར་ལོར་བསྡད་དེ་ལམ་དུ་བཞུད་པ་དང་། ཕན་ཚུན་གླེང་མོ་བྱེད་སྐབས་ཁོང་ནི་སི་ཁྲོན་ནས་ཡིན་པ་དང་བུ་ཕྲུག་གཉིས་ཡོད་ཅིང་། བུ་རྒན་པ་སློབ་མཐར་ཕྱིན་ཏེ་ནང་སའི་ལས་ཁུངས་ག་གེ་མོར་ལས་ཀ་བྱེད་བཞིན་ཡོད་པ་དང་། བུ་ཆུང་བ་ད་ལྟ་སློབ་ཆེན་འགྲིམ་སྒང་ཡིན་པ་ཤེས་བྱུང་། ངས་ཁོང་ལ་བྱས་ན་ཁྱེད་རང་དཀའ་ལས་མང་པོ་དེ་འདྲ་བརྒྱབ་ནས་ཅི་བྱེད། བུ་རྒན་པས་དངུལ་བསྐུར་ཡོང་གི་མི་འདུག་གམ་ཞེས་དྲིས་པས། ཁོང་གིས་དངུལ་བསྐུར་ཡོང་གི་འདུག ཡིན་ནའང་བུ་ཆུང་བ་ལ་སློབ་ཡོན་བསྐུར་དགོས་པས། བུ་ཆུང་བ་སློབ་མཐར་ཕྱིན་རྗེས་ང་ཚོ་བཟའ་ཚོ་གཉིས་ཀ་ད་གཟོད་ཕ་ཡུལ་དུ་ལོག་སྟེ་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ངེས་ཡིན་ཞེས་བཤད་བྱུང་།

ངས་ཁོང་ལ་དོ་དགོང་སྦག་སྦག་ཐོག་གི་ཤོག་སྒམ་དང་འཐུང་སྣོད་དེ་དག་བཙོངས་ན་དངུལ་ག་ཚོད་རག་གམ་ཞེས་དྲིས་པས་ཁོང་གིས་ཕལ་ཆེར་སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་རག་གི་རེད། མཚན་མོ་མུན་པ་ནག་ལ་གྲང་ངར་ཆེ་བ་སོགས་ཀྱི་དཀའ་ལས་ཅུང་ཟད་ཡོད་ཀྱང་ཡོང་འབབ་ཆེན་པོ་ཡོང་གི་འདུག་ཅེས་བཤད་བྱུང་།

འཁྱུག་ཙམ་ཞིག་ལ་ང་རང་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་པ་དང་། ཁོང་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས་ཤིང་། མུན་ནག་ནང་གཟབ་གཟབ་བྱེད་དགོས་ཚུལ་ལབ་རྗེས་སོ་སོར་གྱེས།

མཚན་མོ་དེར་ང་རང་བསམ་གཞིག་གི་ཀློང་དུ་གྱར་ཞིང་། དུས་རྒྱུན་ང་ཚོ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བལྟས་ན་ཡི་གར་མི་འོང་ཞིང་། རྟག་ཏུ་མཐོང་ཆུང་དང་འཕྱ་སྨོད་ཀྱི་མིག་མདའ་འཕེན་བཞིན་པའི་སྐྱེ་བོ་དེ་དག་གི་ཁྲོད་དུ་ཡང་ནང་བསམ་པའི་འཇིག་རྟེན་ཅི་འདྲའི་མཛེས་ཤིང་སྙིང་ལ་སྡུག་པ་དང་། དཀའ་སྤྱད་འཁུར་བཟོད་ཀྱིས་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོས་རང་གི་ལག་ཟུང་ལ་བརྟེན་ནས་འཇིག་རྟེན་འཚོ་བའི་ལམ་འཕྲང་ཤུགས་ཀྱིས་བརྒལ་ཏེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་བསྐྲུན་བྱེད་པར་སྤྲོ་བའི་སྐྱེ་བོ་བཀུར་འོས་པ་མང་པོ་ཡོད་པ་དང་། རྙེད་པར་དཀའ་བའི་དལ་བརྒྱད་འབྱོར་བཅུའི་རྟེན་བཟང་སྐལ་དུ་ཐོབ་ན་ཡང་། ཁྲེལ་དང་ངོ་ཚ་རིང་ནས་བོར་ཞིང་། རྟག་ཏུ་ལག་ཟུང་གི་མཐེ་བོང་གནམ་ལ་ཀེར་བར་གོམས་ལ། སྐྱིད་འདོད་འགུལ་འཚེར་གྱིས་ཐོབ་ན་རྐུ་དང་མ་ཐོབ་ན་སློང་མོ་བྱེད་མཁན་རེ་ཟུང་གི་འཚོ་གནས་བྱེད་སྟངས་དེ་རིགས་ནི་ཇི་འདྲའི་ཐབས་རྡུགས་ཤིག་རེད་ཨང་སྙམ།

下一篇 4 放大 缩小 默认
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版: གལ་ཆེའི་གསར་འགྱུར།
   第05版: ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版: གྱོད་དཔེ་སྣང་གསལ།
   第08版: ཁྲིམས་འཛིན་དོ་ར།
   第09版: གསེར་གྱི་གཉའ་ཤིང་།
   第10版: ཁྲིམས་ལུགས་དྲིལ་བསྒྲགས།
   第11版: ཁྲིམས་གསལ་མེ་ལོང་།
   第12版: བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版: རྒྱལ་ནང་གསར་འགྱུར།
   第15版: ཞི་མཐུན་ས་མཐོ།
   第16版: སེམས་སྐྱིད་ཇ་ཁང་།
༄བརྗེད་པར་དཀའ་བའི་འགྲུལ་བཞུད་།
༄༅། །དྲན་ཚུལ་ལྷུག་བརྗོད།
༄༅།། བདེ་སྐྱིད་།