第09版:གསེར་གྱི་གཉའ་ཤིང322/2018-11/06/09/2018110609_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་གསེབ་ཀྱི་ཉེས་གསོག་ནག་ཚོགས་ཤིག་རྩ་མེད་བཟོས་པ།
བྱ་ཐབས་ནན་པོས་ཡུལ་གྱི་གཤེད་མ་བཞི་བཟུང་ནས་ཁྲིམས་རྒྱར་བཅུག་པ།

ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་གྱོད་གཞིའི་ཁུངས་སྣེར་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྟོབས་ཤུགས་ཧྲག་བསྡུས་ཀྱིས་ཁུངས་སྣེའི་རྒྱབ་ཀྱི་ནག་ཚོགས་ཀྱི་ནག་ཉེས་མཐིལ་བརྟོལ་བ་རེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་བྱ་ཐབས་ནན་པོས་ཚེ་ཆེ་གེ་མོས་གཙོས་པའི་ནག་ཚོགས་ཤིག་རྩ་མེད་བཟོས་པ་མ་ཟད་ཚོགས་མི་བཞི་འཇུས་པ་རེད།

1ཁྲིམས་སྐྱོང་ལ་སྣང་མེད་ཀྱིས་གཞི་རིམ་གྱི་ཆབ་སྲིད་ཁོར་ཡུག་ལ་གཏོར་བཤིག་བཏང་བ།

འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞིའི་ཁུངས་སྣེར་གྲལ་བཤེར་བྱེད་སྐབས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ལྕགས་རུ་གྲོང་ཚོའི་ཡུལ་མི་ཚེ་ཆེ་གེ་མོ་དང་། ཁོ་པའི་ཚ་བོ་དང་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཡིན་པའི་ཚེ་ཆེ་གེ་མོས་དུས་ཡུན་རིང་པོར། ཤང་ནང་རང་སྣང་གང་ཤར་དང་མང་ཚོགས་ལ་ཐུབ་ཚོད་བྱས་པར། མང་ཚོགས་ནས་ལབ་གླེང་ཅི་ཡང་མི་ཕོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱས་ཤིང་། ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་ཟླ་བ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད། 2018ལོའི་ཟླ་10ཚེས་24ཉིན་གྱི་ཐོ་རེངས་སུ་ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གི་འགོ་ཁྲིད་ཀྱི་བཀའ་རྒྱ་དང་འཇུ་ཐབས་ཀྱི་ཇུས་གཞི་ལྟར་གྱོད་སྒྲུབ་མི་སྣས་གཅིག་གྱུར་བྱ་སྤྱོད་འཕྲལ་དུ་སྤེལ་ནས་ཚོགས་པའི་ཁོངས་མི་བཞི་འཇུས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། འདི་ལོ་ལོ་40ལ་སླེབས་པའི་ཚོགས་པའི་བྱེད་གཏེ་ཚེ་ཆེ་གེ་མོ་དང་། འདི་ལོ་ལོ་40ལ་སླེབས་པའི་ཚོགས་པའི་ཁོངས་མི་གཙོ་བོ། ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོའི་ཚ་བོ། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ལྕགས་རུ་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་བཅས་ཡིན་པའི་ཚེ་ཆེ་གེ་མོ། འདི་ལོ་ལོ་37ལ་སླེབས་པའི་ཁོངས་མི་བློ་ཆེ་གེ་མོ། འདི་ལོ་ལོ་53ལ་སླེབས་པའི་ཁོངས་མི་བཀྲ་ཆེ་གེ་མོ་བཅས་ཀྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཞུགས་ཡོད་པ་ཤེས་རྟོགས་བྱུང་བ་རེད།

2009ལོར་ལྕགས་རུ་གྲོང་ཚོ་ཨུ་ལྷན་གྱིས་རྒྱལ་ཁབ་ནས་སྡོད་ཁང་གསར་རྒྱག་གི་རྣམ་གྲངས་ལ་གནང་བའི་རོགས་སྐྱོར་སྲིད་ཇུས་ལག་ལེན་དུ་བསྟར་ནས་གྲོང་མི་དུད་ཚང་རེའི་ཁང་པ་རྒྱག་པའི་སའི་བེད་སྤྱོད་ཁྱབ་ཁོངས་འཆར་འགོད་གཏན་འཁེལ་བྱས་པ་རེད། ཚེ་ཆེ་གེ་མོ་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་རྒྱག་པའི་ས་ཆ་བཀོད་སྒྲིག་གི་ཇུས་གཞིར་ཡི་མ་རངས་ནས་འཆར་གཞི་བཞིན་ཁང་པ་རྒྱག་པའི་ས་ཆ་སྤྱོད་རྒྱུ་ཁས་མ་བླངས་པ་མ་ཟད། གྲོང་ཚོ་ཨུ་ལྷན་ལ་དོན་མེད་རྙོག་དྲ་བསླངས་ཤིང་། གྲོང་ཚོ་ཨུ་ལྷན་གྱི་མོས་མཐུན་མེད་པར་འཆར་གཞིའི་ནང་མ་ཚུད་པའི་ས་ཆ་བཙན་བཟུང་གིས་རང་ཉིད་ཀྱི་ཁང་པ་བརྒྱབ་པ་རེད། 2014ལོའི་ཟླ་བདུན་པར་གྲོང་ཚོ་ཨུ་ལྷན་གྱི་སྐབས་བརྗེ་འདེམས་བསྐོའི་སྐབས། ཚེ་ཆེ་གེ་མོ་སོགས་ཀྱིས་ཐེ་ཇུས་བྱས་ཏེ་ཚ་བོ་ཚེ་ཆེ་གེ་མོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་རེད། ཚ་བོ་ཚེ་ཆེ་གེ་མོས་ལས་འགན་ཁུར་རྗེས་གྲོང་མིའི་བསམ་འདུན་ལས་འགལ་ཏེ་ཚེ་ཆེ་གེ་མོ་དང་། བློ་ཆེ་གེ་མོ། བཀྲ་ཆེ་གེ་མོ་སོགས་འོས་སྦྱོར་བྱས་ནས་ལྕགས་རུ་གྲོང་ཚོའི་རླངས་འཁོར་རུ་ཁག་ལ་དོ་དམ་བྱེད་པའི་འགན་སྤྲད་པ་རེད།

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་ཚ་བོ་ཚེ་ཆེ་གེ་མོ་རྒྱབ་རྩར་ཡོད་སྟབས་ཚེ་ཆེ་གེ་མོ་སོགས་ཀྱི་ཧམ་སེམས་སྔར་བས་ཆེ་རུ་སོང་ཞིང་། འགན་ནུས་སྡེ་ཚན་གྱི་ཆོག་མཆན་དང་འགྲོ་ལུགས་གང་ཡང་མེད་པར་ལྕགས་རུ་གྲོང་ཚོའི་ཚོགས་ཆུང་གཉིས་པ་དང་གསུམ་པའི་རི་གཤམ་ནས་རང་མཚམས་ཀྱིས་རྡོ་གཤགས་པ་རེད།

2གཡོ་ལེན་བཙན་འཕྲོག་གིས་ས་གནས་ཀྱི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་བཏང་བ།

རླངས་འཁོར་རུ་ཁག་རྩིས་བླངས་རྗེས། ཚེ་ཆེ་གེ་མོས་བྱེད་གཏེ་བྱས་པའི་ཉེས་གསོག་ཚོགས་པས་རླངས་འཁོར་རུ་ཁག་གི་འཁོར་བདག་མི་རེ་ངོ་རེ་ལ་བཙན་ཤེད་ཀྱི་གྲོས་མཐུན་བཞག་ཏུ་བཅུག་ཅིང་། གྲོས་མཐུན་ནང་ཁས་ལེན་དངུལ་སྒོར་ཁྲི་2སྐྱེལ་དགོས་པ་དང་། གྲོང་ཚོ་ཕྱིའི་མ་དངུལ་བཏང་ནས་རླངས་འཁོར་ཉོས་ཚེ་ཉེས་ཆད་སྒོར་ཁྲི་5གཏོང་རྒྱུ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། ཚོགས་པས་བཙན་ཤེད་ཀྱི་གྲོས་མཐུན་སྤྱད་དེ་གཏན་འབེབས་ལས་འགལ་ནས་རླངས་འཁོར་རུ་ཁག་གི་ཁས་ལེན་དངུལ་སྒོར་ཁྲི་74བླངས་ཤིང་། ཚེ་ཆེ་གེ་མོས་དེའི་ཁྲོད་ནས་སྒོར་ཁྲི་59བག་མེད་ལོངས་སྤྱོད་བྱས་པ་དང་སྒོར་ཁྲི་15ཚ་བོ་ཚེ་ཆེ་གེ་མོར་སྤྲད་པ་རེད། 2016ལོའི་ལོ་མཇུག་ཏུ་ཚ་བོ་ཚེ་ཆེ་གེ་མོས་གྲོང་མི་འགའ་བསྐོངས་ནས་བྱེ་རྡོ་གསོག་རྒྱུར་གྲོས་བསྡུར་བྱས་ཏེ་མི་རེ་ངོ་རེས་སྒོར་5000བསྡུ་དགོས་བཤད་པ་མ་ཟད། ལོ་གཉིས་རྗེས་བྱེ་རྡོ་བཙོངས་ནས་ཁེ་སྤོགས་བགོ་རྒྱུའི་ཁས་བླངས་ཤིང་། དོན་དངོས་སུ་མ་དངུལ་སྒོར་ཁྲི་20ལྷག་བསྡུ་རུབ་བྱས་པ་རེད། རྗེས་སུ་ཚ་བོ་ཚེ་ཆེ་གེ་མོས་བྱེ་རྡོ་གསོག་རྒྱུར་མ་དངུལ་ནས་ཕྲན་ཙམ་བཏང་བ་ཕུད། དེ་བྱིངས་སྒོར་ཁྲི་15བག་མེད་ལོངས་སྤྱོད་བྱས་ཤིང་། 2018ལོའི་ཟླ་བདུན་པར་ཚེ་ཆེ་གེ་མོ་དང་། བློ་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི་གསུམ་གྱིས་གྲོང་མིའི་མོས་མཐུན་མེད་པར་རང་མཚམས་ངང་བྱེ་རྡོ་བཙོངས་པ་དང་། ཁྲིམས་འགལ་གྱི་ཁེ་སྤོགས་སྒོར་ཁྲི་50བྱུང་བ་རྣམས་ཚོགས་མིས་བདག་བཟུང་བྱས་ཡོད་པ་རེད།

གཞན་ཡང་ཚེ་ཆེ་གོ་མས་ད་དུང་དུས་ཡུན་རིང་པོར་ལྕགས་རུ་གྲོང་ཚོར་ཁྲིམས་མེད་ལུགས་མེད་བྱེད་པ་དང་གྲོང་ཚོ་གཅིག་པའི་གྲོང་མིར་ཐུབ་ཚོད་དང་ཉེས་རྡུང་གཏོང་གི་ཡོད་པ་རེད། 2014ལོར་ཚེ་ཆེ་གེ་མོའི་གཅུང་པོ་བྱམས་ཆེ་གེ་མོས་ཨར་ཁང་དུ་རྒྱག་རེས་ཤོར་བ་དང་། ཚེ་ཆེ་གེ་མོས་གནས་ཚུལ་ཤེས་རྗེས་རོགས་པ་མང་པོ་བསྐོངས་ནས་ཕ་རོལ་ལ་འཇིགས་སྣང་བསྐུལ་ཏེ་སྒོར་ཁྲི་7བླངས། 2016ལོར་ཚེ་ཆེ་གེ་མོས་འཕྲིན་ཆེ་གེ་མོའི་ས་ནས་སྒོར་ཁྲི་9གཡར། རྗེས་སུ་འཕྲིན་ཆེ་གེ་མོས་བུ་ལོན་ལེན་པར་འགྲོ་སྐབས། ཁོོས་ཁས་གཏན་ནས་མ་བླངས་པ་མ་ཟད། ད་དུང་འཕྲིན་ཆེ་གེ་མོར་ཉེས་རྡུང་བཏང་བས་ངོ་གདོང་ལ་རྨ་བཟོས་ཡོད་པ་རེད། འོན་ཀྱང་གནས་ཚུལ་ཐོན་རྗེས་ཚེ་ཆེ་གེ་མོས་འཁོན་ལན་སློག་པར་སྐྲག་སྟེ་འཕྲིན་ཆེ་གེ་མོས་སྤྱི་བདེ་ལས་ཁུངས་སུ་གྱོད་དོན་སྙན་སེང་ཞུས་མེད།

2017ལོའི་ཟླ་10པར་ཚེ་ཆེ་གེ་མོ་དང་། བློ་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་ཀྱིས་རླངས་འཁོར་རུ་ཁག་སྒྲིག་འཛུགས་བྱས་ཏེ་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་རྒུ་རུམ་རྒྱུད་ཀྱི་འཛུགས་སྐྲུན་ནང་ཞུགས། ལས་གྲྭ་ཨར་སྐྲུན་བྱེད་རིང་སྔ་རྗེས་སུ་རླངས་འཁོར་རུ་ཁག་གི་འཁོར་བདག་ཐེངས་3སྒྲིག་འཛུགས་བྱས་ནས་ཨར་སྐྲུན་བྱེད་མཁན་ལ་རྙོག་དྲ་བསླངས་ཏེ་སྐྲུན་བཞིན་པའི་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བཀག་འགོག་བྱས་པ་མ་ཟད། ཨར་སྐྲུན་བྱེད་མཁན་ལ་འཇིགས་སྐུལ་སྤྲད་དེ་ཚོགས་པས་བཏོན་པའི་ལུགས་དང་མ་མཐུན་པའི་རླངས་འཁོར་གྱི་འགྲོ་གྲོན་ཁས་ལེན་དུ་བཅུག་པ་རེད།

2017ལོའི་ལོ་སྨད་དུ་རླངས་འཁོར་རུ་ཁག་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ནང་ཞུགས་རིང་། ཁ་ལོ་བ་ཞིག་རླངས་འཁོར་གཏོང་སྟངས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཨར་སྐྲུན་རླངས་འཁོར་མགོ་རྟིང་ལོག་པའི་ལས་འཛོལ་ཐོན་པ་དང་། དེ་རྗེས་ཚེ་ཆེ་གེ་མོས་ཁ་ལོ་བར་བདེ་འཇགས་ངང་རླངས་འཁོར་གཏོང་དགོས་པའི་གོ་བསྐོན་སློབ་གསོ་གཏོང་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ལ་འགན་དཀྲི་ཐབས་བྱས་ནས་རླངས་འཁོར་རུ་ཁག་གི་རུ་མི་བསྐོངས་ནས་ཚང་མས་ལས་མཚམས་བཞག་པ་དང་། ལས་གྲྭའི་རྣམ་གྲངས་བཀོད་འདོམས་པུའུ་རུ་བསྐྱོད་དེ་རུབ་བསྡུས་ཟིང་སློང་བྱས་ནས་རྣམ་གྲངས་བཀོད་འདོམས་པུས་དཔལ་འབྱོར་གྱོང་གུན་སྒོར་ཁྲི་5གསབ་དགོས་པའི་རེ་བ་བཏོན་ཡོད། ལུགས་དང་མི་མཐུན་པའི་རེ་བ་བཏོན་ནའང་ལས་གྲྭའི་རྣམ་གྲངས་བཀོད་འདོམས་པུས་རླངས་འཁོར་རུ་ཁག་གིས་རྙོག་དྲ་བསླངས་ན་ལས་དུས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་ཡོང་སྲིད་སྙམ་ནས་མཐར་ཁོང་ཚོར་སྒོར་ཁྲི་5སྤྲད་པ་རེད།

མིག་སྔར་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་དང་། ཚ་བོ་ཚེ་ཆེ་གེ་མོ། བློ་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི་བཞི་པོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞིར་མུ་མཐུད་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
བྱ་ཐབས་ནན་པོས་ཡུལ་གྱི་གཤེད་མ་བཞི་བཟུང་ནས་ཁྲིམས་རྒྱར་བཅུག་པ།