第11版:ཁྲིམས་གསལ་མེ་ལོང322/2018-06/12/11/2018061211_brief.jpg 上一版3  4下一版
联系电话: 0891-6328752
放大 缩小 默认
ངན་པ་ལང་ཤོར་ཧམ་པ་ཆེ་བ་ཡིས། ཁྲིམས་ལ་བསྙས་འཚོལ་རང་ཉིད་ཕུང་ལ་སྦྱར།

ཤོད་རྒྱུན་དུ“ཁྲིམས་ཀྱི་དྲ་མིག་རྒྱ་ཆེ་ཡང་ཉེས་ཅན་གཅིག་ཀྱང་ཐར་ས་མེད”ཅེས་པ་ལྟར་ཁྲིམས་ལས་འགལ་ཐེངས་དང་པོ་དང་། ཡང་བསྐྱར་ཁྲིམས་ལས་འགལ་བ། བྱས་ཉེས་རིམ་པར་གསོག་པ་བཅས་གང་ཞིག་ཡིན་ཡང་ཉེས་པ་བསགས་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ཕོག་རྒྱུ་ལས་མེད། ཉེ་ཆར་སྐྱེས་པ་ཞིག་བཙོན་གྲོལ་ཐོབ་རྗེས་མུ་མཐུད་འཕྲོག་བཅོམ་བྱས་རྐྱེན་སླར་ཡང་བཟུང་བ་རེད། འོན་ཀྱང་ཁོ་པས་ཁྲིམས་ཁང་གི་བརྡས་ཐག་གཅོད་ཚུལ་ལ་ཡིད་མ་རང་བར་གོང་གཏུག་ཞུས་ཀྱང་ཁྲིམས་ལྟར་ཞུ་དོན་ཕྱིར་སློག་བྱས་པ་རེད།

A མཚན་དགུང་བུད་མེད་ཀྱི་ཁུག་མ་ལ་སྡིག་ནས་འཕྲོག་བཅོམ་བྱས་པ།

2017ལོའི་ཟླ་8པའི་ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་བསྟན་ཆེ་གེ་མོས་ར་བཟི་བའི་བུད་མེད་ཅིག“ཆན་ཞི་རོལ་རྩེད་འདུ་གནས”ནས་དོན་ཏེ་ལྷ་ཀླུ་ཟམ་པའི་ཕྱོགས་སུ་སྐྱོད་པ་མཐོང་། ཁོ་པས་དེའི་རྗེས་སུ་སྙེགས་ནས་བུད་མེད་དེའི་ཁུག་མ་འཕྲོག བུད་མེད་དེས་ཁུག་མ་ལག་ནས་མ་གློད་པར་མ་ཟད། སྐད་ཤུགས་ཆེན་པོས“འཕྲོག་བཅོམ་བྱེད་ཀྱི་འདུག”ཅེས་འབོད། བསྟན་ཆེ་གེ་མོས་བུད་མེད་དེར་ཞེད་སྣང་སྐུལ་བ་མ་ཟད་འགྲམ་ལྕག་ཞུས་ནས་ཁུག་མ་འཕྲོག་ནས་བྲོས།

དེ་རྗེས་ལྷ་ཀླུ་སྡེ་ཁུལ་གྱི་སྲང་ལམ་ཞིག་ཏུ་བསྟན་ཆེ་གེ་མོས་ཁུག་མ་ཁ་ཕྱེ་སྐབས་དེའི་ནང་དངུལ་སྒོར་1800ཙམ་ཡོད་པ་མཐོང་། ཁོ་པས་དངུལ་དེ་དག་བཏོན་རྗེས་ཁུག་མ་དང་དེ་བཞིན་ཁུག་མའི་ནང་གི་དངུལ་ཁང་གཱ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། གནས་སྡོད་ལག་ཁྱེར། མཛེས་འཆོས་བྱུག་རྫས་བཅས་གད་སྙིགས་བླུགས་སྒམ་ནང་དབྱུག

2017ལོའི་ཟླ་11ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་དང་སྐར་མ་30ཙམ་ལ་བསྟན་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་གྱི་ཨར་ཁང་ཞིག་ནང་ཆང་རག་བཏུངས་རྗེས་ཁྱིམ་དུ་ལོག་རྩིས་བྱེད་སྐབས་ལུས་ཐོག་ཏུ་དངུལ་མེད་པས་འཕྲོག་བཅོམ་བྱེད་པའི་བསམ་བློ་འཁོར། ཁོ་པས་སྲང་ལམ་ཞིག་ནས་ལྷ་ཀླུ་སྡེ་ཁུལ་དུ་སྐྱོད་དེ་ཉེས་གསོག་དམིགས་ཡུལ་བཙལ། ཐོ་རེངས་ཆུ་ཚོད་3དང་སྐར་མ་18ཙམ་ལ་བསྟན་ཆེ་གེ་མོས་བོགས་གཏོང་ཁང་པ་སྟར་པ་གཅིག་གི་འགྲམ་ནས་བུད་མེད་ཀྱི་ལག་ཁུག་དཀར་པོ་ཞིག་འཕྲོག་བཅོམ་བྱས་པ་དང་ཆབས་ཅིག་བུད་མེད་དེར་ཁུ་ཚུར་དང་རྡོག་རྐྱག་བཞུས།

ཁུག་མ་འཕྲོག་རྗེས་བསྟན་ཆེ་གེ་མོས་ཁུག་མ་སྟོད་ཐུང་ནང་སྦས་པ་དང་ཆུ་མིག་ལམ་སྣོད་བཅུད་ཁྱིམ་གཞིས་མགྲོན་ཁང་ཉེ་འགྲམ་གྱི་སྲང་ལམ་གྱི་ཟུར་ནས་དོན་ཏེ་བོགས་གཏོང་རླངས་འཁོར་བསྡད་ནས་ཁ་བྲལ་ཏེ་ཁུག་མ་སྔོག་སྐབས་་སྒོར་25ལས་མེད་པ་མཐོང་། རླངས་འཁོར་ལས་འབབ་རྗེས་བསྟན་ཆེ་གེ་མོས་ཁུག་མ་དང་དེ་བཞིན་ཁུག་མའི་ནང་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། དངུལ་ཁང་གཱ མཛེས་འཆོས་བྱུག་རྫས་སོགས་ལྷ་ས་གྲོང་ཁྱེར་གྲོང་སྐོར་ལམ་གཉིས་པ་དང་ཉང་བྲན་ལམ་སྦྲེལ་མཚམས་ཀྱི་བཞི་མདོ་ཁའི་ཉེ་འགྲམ་གྱི་ཆུ་ཡུར་ནང་དབྱུག

2017ལོའི་ཟླ་11ཚེས་7ཉིན་གྱི་ཆུ་ཚོད་15ཙམ་ལ་ལིའུ་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་སྐྱོད་ནས་གྱོད་དོན་སྙན་སེང་ཞུས། ཉིན་དེའི་ཐོ་རེངས་ཆུ་ཚོད་3དང་སྐར་མ་18ཙམ་ལ་ལྷ་ཀླུ་སྡེ་ཁུལ་གྱི་ཚོགས་ཆུང་2པའི་སྒོ་རྟགས་ཨང་403དུ་སྐྱེས་པ་ཞིག་གིས་གཏུམ་སྤྱོད་ལ་བརྟེན་ནས་ངའི་རྒྱབ་ཁུག་དཀར་པོ་འཕྲོག་སོང་། ཁུག་མའི་ནང་མི་དམངས་ཤོག་སྒོར་100ལྷག་ཙམ་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གཱ་སོགས་ཡོད་ཅེས་བཤད། མྱུལ་ཞིབ་མི་སྣས་གྱོད་གཞི་ཐོན་ཡུལ་གྱི་སྡིག་སོ་སྤྲོས་ཆས་ལ་བལྟས་ནས་2017ལོའི་ཟླ་11ཚེས་14ཉིན་ལྷ་ས་གྲོང་ཁྱེར་གླིང་སྐོར་བྱང་ལམ་གྱི་ཚན་པ་ཞིག་གི་སྒོ་འགྲམ་ནས་བསྟན་ཆེ་གེ་མོ་བཟུང་།

B བསྟན་ཆེ་གེ་མོས་གོང་གཏུག་བྱས་ཀྱང་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་དོན་ཕྱིར་སློག་བྱས་པ།

ཉེན་རྟོག་ཕྱོགས་ཀྱིས་རྩད་གཅོད་མཐའ་གསལ་བྱས་པ་བརྒྱུད། 2012ལོའི་ཟླ་4ཚེས་23ཉིན་རྐུ་རྒྱག་ནག་ཉེས་བསགས་པའི་དབང་གིས་བསྟན་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་ལྔ་དང་ཟླ་བ་དགུ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་3000བཏང་། 2015ལོའི་ཟླ་12ཚེས་13ཉིན་ཁྲིམས་ཁུར་དུས་ཚད་གཙང་ནས་གློད་འགྲོལ་བཏང་།

འཕྲོག་བཅོམ་ནག་ཉེས་བསགས་པའི་དབང་གིས་བསྟན་ཆེ་གེ་མོ་2017ལོའི་ཟླ་11ཚེས་14ཉིན་སླར་ཡང་བཟུང་།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་བགྲང་ཞུ་གཏུག་བརྒྱབ་པའི་འདྲི་ཞིབ་ཐོག་མའི་ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོས་འཕྲོག་བཅོམ་གྱི་ཉེས་པ་བསགས་པའི་གྱོད་གཞིར་འདྲི་ཞིབ་བྱས་ཤིང་། ཐོག་མའི་ཁྲིམས་ཆད་གཅོད་སྐབས་བསྟན་ཆེ་གེ་མོས་ཁྲིམས་དང་མ་མཐུན་པར་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། གཏུམ་སྤྱོད་ལ་བརྟེན་ནས་གཞན་གྱི་རྒྱུ་དངོས་འཕྲོག་བཅོམ་བྱས་པ་དེ་འཕྲོག་བཅོམ་གྱི་ཉེས་ཚད་དུ་སླེབས་པའི་ངོས་འཛིན་བྱས། གཞུང་གཏུག་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བརྒྱབ་པའི་ཉེས་བསགས་དོན་དངོས་ཁ་གསལ་བ་དང་དཔང་རྟགས་ཁུངས་བཙན་ཡོད་པས་རྒྱབ་སྐྱོར་བྱས་པ་རེད། ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ཡན་གྱི་ཁྲིམས་ཆད་ཕོག་མྱོང་ཞིང་། ཁྲིམས་ཁུར་དུས་ཚད་གཙང་ནས་གློད་འགྲོལ་བཏང་རྗེས་ཀྱི་ལོ་ལྔའི་ནང་རྐང་བཙུགས་ནས་ཉེས་པ་བསགས་པར། དུས་བཀག་བཙོན་འཇུག་ཡན་གྱི་ཁྲིམས་ཆད་གཏོང་དགོས་པ་དང་དེ་བཞིན་བྱས་ཉེས་རིམ་པར་བསགས་པས་ཁྲིམས་ཆད་ལྕི་པོ་གཅོད་དགོས། ཡིན་ནའང་བསྟན་ཆེ་གེ་མོས་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་དུ་ངོས་ལེན་ཞུས་པ་མ་ཟད། ད་དུང་བྱས་ཉེས་ངོས་ལེན་ཞུ་ཚིག་འགྱུར་བ་མེད་པ་དེ་ངོས་ལེན་ཞུས་ན་གུ་ཡངས་ཐོབ་པའི་ཁོངས་སུ་གཏོགས་པ་དང་བསྟན་ཆེ་གེ་མོས་འཕྲོག་དངོས་ཕྱིར་སློག་བྱས་པ་དང་འབྲེལ་གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཀྱང་ཐོབ་པར་བྱས་པས་གནས་ཚུལ་ལ་གཞིགས་ནས་བསྟན་ཆེ་གེ་མོར་ཆད་པ་ཡང་གཅོད་བྱ་རྒྱུའི་ཐག་བཅད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། བསྟན་ཆེ་གེ་མོས་འཕྲོག་བཅོམ་གྱི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ་བཞི་བྱ་རྒྱུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་5000གཏོང་རྒྱུའི་ཁྲིམས་ཐག་བཅད།

འོན་ཏེ་འདྲི་ཞིབ་ཐོག་མ་བྱས་པར་བསྟན་ཆེ་གེ་མོ་ཡི་མི་རང་བར་གོང་གཏུག་ཞུས་པ་རེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་ལྟར་མཉམ་གྲོས་ཁྲིམས་ས་བཙུགས་ཏེ་གོང་གཏུག་ཞུ་མཁན་བསྟན་ཆེ་གེ་མོར་འདྲི་རྩད་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་དོན་དངོས་དང་དཔང་རྟགས་རྣམས་ཁས་བླངས།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་ཐོག་མས་ངོས་འཛིན་ངེས་གཏན་བྱས་པ་དོན་དངོས་ཡིན་ལ་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་པ། བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཡང་དག་པ། འདྲི་གཅོད་གོ་རིམ་ཁྲིམས་དང་མཐུན་པས་སྲུང་སྐྱོང་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་ནང་གསེས་དང་པོའི་རྣམ་གྲངས་དང་པོའི་གཏན་འབེབས་གཞིར་བཟུང་། བསྟན་ཆེ་གེ་མོས་གོང་གཏུག་ཞུས་པ་ཕྱིར་སློག་བྱས་པ་དང་འབྲེལ་འདྲི་ཞིབ་ཐོག་མ་མཐའ་འཁྱོངས་བྱས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་པ།

མཚན་དགུང་ངམ་ཡང་ན་ཐོ་རེངས་ནི་ཉེས་ཅན་པས་ཉེས་པ་གསོག་མང་ཤོས་ཀྱི་དུས་ཚོད་ཅིག་ཡིན་པས་ཡག་ཤོས་བྱུང་ན་མི་གཅིག་གཅིག་པུར་འགྲོ་སྐྱོད་བྱ་རྒྱུ་མེད་ལ་ཤིང་སྣ་ཚང་ཚིང་ཆེ་བའི་སྤྱི་གླིང་དང་འགྲོ་སྐྱོད་བྱེད་མཁན་ཉུང་བའི་ལམ་དུ་འཆམ་འཆམ་མམ་ཡང་ན་རྩེད་མོ་རྩེ་བར་འགྲོ་མི་རུང་། མཚན་མོ་ཟ་ཁང་དུ་ཟས་བཟའ་བ་དང་། སྤྲོ་སྐྱིད་ཁང་དུ་རོལ་རྩེད་རྩེ་བ། ཨར་ཁང་དུ་ཆང་རག་འཐུང་བ་ལ་སོགས་སུ་སྐྱོད་སྐབས་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚོས་ཕན་ཚུན་ལྟ་སྐྱོང་བྱས་ནས་འཕྲོག་བཅོམ་ལ་སོགས་པའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གལ་སྲིད་འཕྲོག་བཅོམ་གྱི་གནས་ཚུལ་འཕྲད་ཚེ་དུས་ཐོག་ཏུ་ཉེན་རྟོག་ཕྱོགས་ལ་སྙན་སེང་ཞུ་བ་དང་སྤྱི་བདེ་ལས་ཁུངས་ལ་དཔང་རྟགས་མཁོ་འདོན་བྱས་ནས་རང་ཉིད་ཀྱི་ཁེ་དབང་སྲུང་དགོས།

放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ངན་པ་ལང་ཤོར་ཧམ་པ་ཆེ་བ་ཡིས། ཁྲིམས་ལ་བསྙས་འཚོལ་རང་ཉིད་ཕུང་ལ་སྦྱར།