第07版:གྱོད་དཔེ་སྣང་གསལ322/2018-06/12/07/2018061207_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལང་ཤོར་རྐུན་མས་ནག་ཉེས་བསྟུད་མར་བསགས། མཐའ་མ་ཉེན་རྟོག་པ་ཡི་ལག་ཏུ་ཐེབས།

རྐུ་ཁྱེར་གྱི་ཉེས་པ་ནི་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཐོན་མང་ཤོས་ཀྱི་ཉེས་གསོག་བྱེད་སྤྱོད་ཅིག་ཡིན་པ་དང་། རྐུན་མ་ཆེ་གེ་མོ་ཞིག་གིས་ལྐུགས་པའི་སྤྱང་མདོག་གིས་རྐུ་རྒྱག་པའི་གནས་ཚུལ་དེ་འདྲ་གང་མང་ཞིག་ད་ཆ་དྲ་རྒྱའི་ཐོག་ཁྱབ་ནས་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། འོན་ཀྱང་། དེ་རིང་གི་གྱོད་དཔེ་ནི་དྲ་ཐོག་མ་ཡིན་པར། ཉེ་དུས་ལྷ་སར་ལང་ཤོར་རྐུན་མ་ཝང་ཆེ་གེ་མོས་དགོང་མོའམ་ཡང་ན་ཐོ་རེངས་སྐབས་སུ་རྐུ་རྒྱག་པར་འགྲོ་གི་ཡོད་ཅིང་། གནོད་འཚེ་ཕོག་མཁན་དོགས་ཟོན་མ་བྱུང་བའི་སྐབས་ཁོང་ཚོའི་ལག་ཐོགས་ཁ་པར་དང་། ཆུ་ཚོད། མགུལ་རྒྱན། དངུལ་སྨར་སོགས་རྐུ་གི་ཡོད། རྐུ་མ་ཐེངས་མང་བརྒྱབ་རྗེས་མཐར་ཝང་ཆེ་གེ་མོ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད།

A

གྱོད་གཞིའི་གནས་ཚུལ། རྐུ་མ་བསྟུད་མར་བརྒྱབ་ནས་ཉེས་པ་ཐེངས་མང་བསགས་པ།

2018ལོའི་ཟླ་ཞིག་གི་ཟླ་དཀྱིལ་གྱི་ཐོ་རེངས་ཤིག་ལ་ཝང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་གྲ་བཞི་ནུབ་ལམ་གྱི་སྤྱི་ཤག་ཅིག་ནས། ཏེང་ཆེ་གེ་མོ་གཉིད་ལ་ཡུར་བའི་སྐབས་དང་བསྟུན་ཏེ་ཏེང་ཆེ་གེ་མོའི་སྟོད་ཐུང་ནས་དངུལ་སྨར་སྒོར་2900བརྐུས་ཏེ་བྲོས་ཤིང་། དངུལ་ཚང་མ་མགྱོགས་མྱུར་བག་མེད་ལོངས་སྤྱོད་བྱས་པ་རེད།

ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་3པ་ཡོལ་ཙམ་ལ་ཝང་ཆེ་གེ་མོས་སླར་ཡང་ལྷ་ས་གྲོང་ཁྱེར་འདམ་ར་ལམ་གྱི་དྲ་ཁང་ཞིག་གི་ཉེ་འགྲམ་ནས། བསོད་ཆེ་གེ་མོའི་གློག་བསགས་ནས་བཞག་པའི་གློག་སྒུལ་འཁོར་ལོའི་ལྡེ་མིག་བཀོག་མེད་པ་མཐོང་སྐབས་བསོད་ཆེ་གེ་མོའི་གློག་སྒུལ་འཁོར་ལོ་དམར་པོ་ཞིག་བརྐུས་ནས་བྲོས་ཕྱིན་པ་རེད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་གློག་སྒུལ་འཁོར་ལོའི་རིན་གོང་མི་དམངས་ཤོག་སྒོར་1400ཙམ་ཟིན་གྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས།

ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་5པ་ཡོལ་ཙམ་ལ་ཝང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་གྱི་བྱང་སྒོའི་ཉེ་འགྲམ་ནས། གཱ་ཆེ་གེ་མོའི་གློག་སྒུལ་འཁོར་ལོ་ནག་པོ་ཞིག་བརྐུས་ནས་བྲོས་ཤིང་རྐུས་དངོས་ད་དུང་ཚུར་ལེན་ཐུབ་མེད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་གློག་སྒུལ་འཁོར་ལོའི་རིན་གོང་མི་དམངས་ཤོག་སྒོར་1100ཙམ་ཟིན་གྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས།

ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་3པ་ཡོལ་ཙམ་ལ་ཝང་ཆེ་གེ་མོས་ཟླ་ཆེ་གེ་མོ་ར་བཟི་བའི་སྐབས་དང་བསྟུན་ནས། ཟླ་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་ལྷོ་ལམ་གྱི་མགྲོན་ཁང་ཞིག་ལ་ཁྲིད་དེ་ཟླ་ཆེ་གེ་མོའི་གསེར་གྱི་མཛུབ་དཀྲིས་དང་། གསེར་གྱི་ལག་གདུབ། ཆུ་ཚོད་སེར་པོ་བཅས་བརྐུས་ནས་བྲོས་པ་རེད། དེ་རྗེས་ཝང་ཆེ་གེ་མོས་མཛུབ་དཀྲིས་དང་ལག་གདུབ་བཙོངས་ནས་དངུལ་ཚང་མ་བག་མེད་ལོངས་སྤྱོད་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་རྐུས་དངོས་ཆུ་ཚོད་སེར་པོ་དེ་ཚུར་བླངས་ཐུབ་པ་རེད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་ཆུ་ཚོད་སེར་པོའི་རིན་གོང་མི་དམངས་ཤོག་སྒོར་120ཙམ་ཟིན་གྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས།

ཉིན་ཞིག་གི་ཆུ་ཚོད་20ཙམ་ལ་ཝང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ལམ་གྱི་བོགས་གཏོང་ཁང་པ་ཞིག་ནས། ལི་ཆེ་གེ་མོ་ཁ་ལག་བཟོ་བའི་སྐབས་དང་བསྟུན་ཏེ་ཉལ་ཁང་ནང་བཞག་པའི་ལི་ཆེ་གེ་མོའི་ལག་ཐོགས་ཁ་པར་དང་དངུལ་སྨར་མི་དམངས་ཤོག་སྒོར་3000བརྐུས་པ་རེད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་ལག་ཐོགས་ཁ་པར་གྱི་རིན་གོང་མི་དམངས་ཤོག་སྒོར་1300ཙམ་ཟིན་གྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས།

ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་2པ་ཡོལ་ཙམ་ལ་ཝང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐེན་ཧའེ་ཚོང་ལས་ལྟེ་གནས་ཀྱི་རླངས་འཁོར་འཇོག་ས་ནས། ཀྲང་ཆེ་གེ་མོའི་བྱེ་བགྲོད་རླངས་འཁོར་དཀར་པོའི་ནང་ནས་དངུལ་སྨར་མི་དམངས་ཤོག་སྒོར་8000བརྐུས་པ་དང་། རླངས་འཁོར་གྱི་སྡོད་ས་རྒྱབ་མ་ནས་ཀོ་བའི་ལག་ཤུབས་གཅིག་དང་། ཐ་མག་རྡ་ཚན་གཉིས། རྒུན་འབྲུམ་ཨ་རག་ཤེལ་དམ་གཅིག ཨ་རག་དཀར་པོ་སྒམ་ཕྱེད་ཀ སྟོད་གོས་སྔོན་པོ་གཅིག་བཅས་བརྐུས་ནས་བོགས་གཏོང་རླངས་འཁོར་ལ་བསྡད་དེ་བྲོས་ཤིང་རྐུས་དངུལ་ཚང་མ་བག་མེད་ལོངས་སྤྱོད་བྱས་པ་རེད། མིག་སྔར་ཨ་རག་དཀར་པོ་སྒམ་ཕྱེད་ཀ་དང་། རྒུན་འབྲུམ་ཨ་རག་ཤེལ་དམ་གཅིག སྟོད་གོས་སྔོན་པོ་གཅིག་བཅས་ཚུར་བླངས་ཡོད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་སྟོད་གོས་སྔོན་པོའི་རིན་གོང་མི་དམངས་ཤོག་སྒོར་400ཙམ་ཟིན་པ་དང་ཐ་མག་རྡ་ཚན་གཉིས་ཀྱི་རིན་གོང་མི་དམངས་ཤོག་སྒོར་1000ཟིན་གྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས།

B

ཁྲིམས་ཁང་གི་འདྲི་གཅོད། ཁྲིམས་ཆད་ལོ་གཅིག་དང་ཟླ་བ་གཉིས་བཏང་བ།

རྐུ་མ་རྒྱུན་མཐུད་ངང་ཐེངས་མང་བརྒྱབ་རྗེས་ཝང་ཆེ་གེ་མོ་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་མ་ཟད། རྐུས་དངོས་ཁག་གཅིག་ཚུར་བླངས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་རྐུ་ཁྱེར་གྱི་ཉེས་པ་བསགས་པའི་སྐྱོན་འདོན་ཞུ་གཏུག་བྱས་ཏེ། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་དང་། ཞུ་གཏུག་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོའི་བྱེད་སྤྱོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དྲུག་ཅུ་རེ་བཞིའི་གཏན་འབེབས་ལས་འགལ་ཏེ་རྐུ་ཁྱེར་གྱི་ཉེས་པ་གྲུབ་ཡོད་པས་ཁྲིམས་ཁང་ལ་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་བཙོན་འཇུག་ཟླ་བ་དྲུག་མན་དང་དངུལ་ཆད་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་ཁྲིམས་འགལ་ངང་བདག་བཟུང་བྱ་རྒྱུའི་དམིགས་ཡུལ་བཅངས་ཏེ་གསང་ཐབས་ཀྱིས་གཞན་གྱི་རྒྱུ་ནོར་བརྐུས་ཤིང་། གྲངས་འབོར་མང་བས་ཝང་ཆེ་གེ་མོའི་བྱེད་སྤྱོད་ལ་རྐུ་ཁྱེར་གྱི་ཉེས་པ་གྲུབ་པས་ཉེས་དོན་འགན་འཁྲི་འཁུར་དགོས་པའི་ངོས་འཛིན་བྱས། 《ཉེས་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་རྐུ་ཁྱེར་གྱི་ཉེས་པ་བསགས་པའི་ཁྲིམས་ཐག་བཅད་ཅིང་། དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་གཉིས་བྱ་རྒྱུ་དང་། དངུལ་ཆད་མི་དམངས་ཤོག་སྒོར་2000བཅད་པ་རེད། ཚུར་བླངས་མ་ཐུབ་པའི་རྐུས་དངོས་རྣམས་མུ་མཐུད་བདའ་འདེད་བཏང་ནས་ཚུར་རག་རྗེས་གནོད་འཚེ་ཕོག་མཁན་ལ་སྤྲོད་རྒྱུ་རེད།

ཁྲིམས་དཔོན་གྱི་བཤད་ཚུལ།

རང་རྒྱལ་གྱི་ཉེས་ཁྲིམས་ནང་རྐུ་ཁྱེར་གྱི་ཉེས་གསོག་ཐད་ཆེས་གཞི་རྩའི་གཏན་འབེབས་ཤིག་ཡོད་དེ། གཞུང་དང་སྒེར་གྱི་རྒྱུ་ནོར་རྐུས་པའི་གྲངས་འབོར་མང་བའམ་ཡང་ན་ཐེངས་མང་བརྐུས་ཚེ། དུས་བཀག་བཙོན་འཇུག་ལོ་གསུམ་མན་བྱ་རྒྱུ་དང་། བཙན་ཉར་རམ་ཡང་ན་དོ་དམ་ཚོད་འཛིན་བྱ་རྒྱུ་མ་ཟད་དངུལ་ཆད་གཏོང་རྒྱུ་རེད། གྲངས་འབོར་ཆེ་ཁར་གནས་ཚུལ་ཡང་ཚབས་ཆེན་ཡོད་པར་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བཅུ་མན་བྱ་རྒྱུ་མ་ཟད་དངུལ་ཆད་གཏོང་རྒྱུ་དང་། གྲངས་འབོར་ཧ་ཅང་ཆེ་ཁར་གནས་ཚུལ་ཚབས་ཆེན་གཞན་ཡོད་ཚེ་དུས་བཀག་བཙོན་འཇུག་ལོ་བཅུ་ཡན་ནམ་ཡང་ན་ཚེ་གང་བཙོན་འཇུག་བྱ་རྒྱུ་མ་ཟད། དངུལ་ཆད་གཏོང་བའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་རེད།

འོན་ཀྱང་། རྐུ་ཁྱེར་གྱི་ཉེས་པར་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སོ་སོའི་ཚད་གཞི་གཅིག་མཚུངས་མེད་སྟབས། སྤྱིར་ན་རྒྱལ་ཡོངས་ནས་རྐུ་ཁྱེར་གྱི་ཉེས་པ་བསགས་པར་གྱོད་དོན་ཐོ་འགོད་ཀྱི་ཚད་གཞི་ནི་མི་སྒེར་དང་གཞུང་ངམ་ཡང་ན་སྒེར་གྱི་རྒྱུ་ནོར་བརྐུས་པའི་རིན་གོང་། མི་དམངས་ཤོག་སྒོར་1000ནས་3000བར་ཟིན་པར་གྲངས་འབོར་ཅུང་ཆེ་ཙམ་ཞེས་བརྗོད་པ་དང་། མི་སྒེར་དང་གཞུང་ངམ་ཡང་ན་སྒེར་གྱི་རྒྱུ་ནོར་བརྐུས་པའི་རིན་གོང་མི་དམངས་ཤོག་སྒོར་ཁྲི་3ནས་10བར་ཟིན་པར་གྲངས་འབོར་ཆེན་པོ་ཞེས་བརྗོད་ལ། མི་སྒེར་དང་གཞུང་ངམ་ཡང་ན་སྒེར་གྱི་རྒྱུ་ནོར་བརྐུས་པའི་རིན་གོང་མི་དམངས་ཤོག་སྒོར་ཁྲི་30ནས་50ཡན་བར་ཟིན་པར་གྲངས་འབོར་ཧ་ཅང་ཆེན་པོ་ཞེས་བརྗོད་ཀྱི་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་དཀོན་སྒྲོལ་གྱིས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལང་ཤོར་རྐུན་མས་ནག་ཉེས་བསྟུད་མར་བསགས། མཐའ་མ་ཉེན་རྟོག་པ་ཡི་ལག་ཏུ་ཐེབས།