第07版:ཕྱོགས་བསྡུས། 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  
འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ།

དཔེ་ཁྲིད་མི་སྐྱོང་གི་སློབ་གསོ་སློབ་ཁྲིད་ནི་སློབ་གྲྭ་དང་། སྤྱི་ཚོགས། ཁྱིམ་ཚང་བཅས་ཕྱོགས་མང་པོས་ཕྱར་བ་གྲུ་འདེགས་བྱ་དགོས་པ་ཞིག་ཡིན་གཤིས། སློབ་གྲྭའི་སློབ་གསོའི་ངོས་ནས་བརྗོད་ན། སློབ་གྲྭའི་སློབ་སྤྱི་ནས་རྒྱལ་སྒོའི་སྒོ་སྲུང་བ་ཚུན་ཆད་ཀྱིས་རང་འགན་གཙང་མར་བསྒྲུབས་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་ལམ་བདེ་བླག་ཡོང་བའི་འགན་ལེན་བྱེད་མུས་ཡིན། དེ་བས་འདིར་ཆེད་དུ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་གི་འཛིན་གྲྭའི་ཀྲུའུ་རེན་གྱི་འོས་བབ་དང་འགན་ནུས་གླེང་བ་བརྒྱུད། གང་དེའི་གལ་ཆེའི་རང་བཞིན་སྐོར་ལ་རང་གི་ཉམས་མྱོང་ཅུང་ཟད་གླེང་བར་བྱ་སྟེ།

དང་པོ། འཛིན་གྲྭའི་ཀྲུའུ་རེན་གྱིས་རང་གི་ཕྱོགས་བསྡུས་བྱང་ཚད་གོང་མཐོ་གཏོང་རྒྱུར་དོ་སྣང་བྱ་དགོས།

འཛིན་གྲྭའི་ཀྲུའུ་རེན་ནི་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་གོང་འོག་ཚང་མའི་མེད་དུ་མི་རུང་བའི་འབྲེལ་ཟམ་ཞིག་དང་། སློབ་གྲྭའི་ཐུན་མོང་གི་སྒྲིག་འཛུགས་མཁན་དང་། སློབ་གསོ་མཁན། ཁྲིད་སྟོན་མཁན་ཞིག་བཅས་རེད། འཛིན་གྲྭའི་ཀྲུའུ་རེན་གྱི་ལུགས་མཐུན་བཀོད་སྒྲིག་མེད་ན་འཛིན་གྲྭ་ཧྲིལ་པོའི་ལས་དོན་ལམ་ལྷོངས་ཡོང་ཐབས་བྲལ་ཞིང་། འཛིན་གྲྭའི་ཀྲུའུ་རེན་ལ་གཞན་ལས་ལྷག་པའི་མིག་རྒྱང་དང་། མཐོང་རྒྱ། ཐོས་རྒྱ། ཁོག་རྒྱ་བཅས་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ནམ་རྒྱུན་ང་ཚོས་དགེ་རྒན་གྱི་འགྲོ་སྡོད་སྤྱོད་གསུམ་ཚང་མ་ནི་སློབ་མའི་མིག་དཔེ་ལྟ་ཡུལ་གལ་ཆེན་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར། འཛིན་གྲྭའི་ཀྲུའུ་རེན་གྱི་ཕྱོགས་ཚང་མའི་བྱང་ཚད་ཀྱིས་འཛིན་གྲྭ་ཧྲིལ་པོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་ཡིན།

འཛིན་གྲྭའི་ཀྲུའུ་རེན་གྱིས་གཅིག་ནས་གོང་རིམ་སློབ་གསོའི་སྡེ་ཚན་གྱི་དགོངས་པ་དང་སློབ་གསོའི་སྲིད་ཇུས་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱ་དགོས་ཤིང་། སློབ་གྲྭའི་བཀོད་སྒྲིག་དང་འཆར་གཞི་ཁག་ལ་རྒྱུས་མངའ་གཏིང་ཟབ་ལོན་པ་བྱས་ནས། འཛིན་གྲྭའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་དགོས། འཛིན་གྲྭའི་ཀྲུའུ་རེན་གྱིས་གཉིས་ནས་རང་གི་འཛིན་གྲྭའི་དགེ་རྒན་ཁག་དང་འབྲེལ་བ་དམ་ཟབ་བྱ་དགོས་ཤིང་། དུས་ཐོག་ཏུ་དགེ་རྒན་རྣམས་དང་ཉམས་མྱོང་སྤེལ་རེས་དང་བསམ་འཆར་བརྗེ་ལེན་བྱས་ནས། རང་གི་འཛིན་གྲྭའི་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་། འཚོ་བ། ཀུན་སྤྱོད། གཟུགས་གཞི་བདེ་ཐང་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་པ་བྱེད་དགོས། དེ་ནི་སློབ་ཕྲུག་རྣམས་ཁྱོན་ཡོངས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བའི་མ་མཐའི་མཐུན་རྐྱེན་ནམ་སྔོན་འགྲོའི་ཆ་རྐྱེན་རེད།

གཉིས་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མར་རྒྱུས་མངའ་ལོན་རྒྱུར་དོ་སྣང་བྱ་དགོས།

འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མ་ཡོངས་ལ་དམངས་གཙོ་འདྲ་མཉམ་གྱི་ལྟ་བ་འཛིན་རྒྱུ་ནི་ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། འཚར་ལོངས་ཀྱི་ཁོར་ཡུག་དང་། ཁྱིམ་ཚང་གི་ཆ་རྐྱེན་མི་འདྲ་བ་སོགས་སྣ་ཚོགས་པས། སློབ་མ་ཚང་མའི་ཕྱོགས་ཚང་མའི་བྱང་ཚད་གཅིག་པ་ཡིན་པའི་ངེས་པ་མེད་ཅིང་། སློབ་མ་ཡོངས་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ནས་དུས་ཐོག་ཏུ་སློབ་མའི་ནང་སེམས་ཀྱི་འགྱུར་བའམ་བསམ་ཚུལ་རྟོགས་པར་བྱས་ཏེ། སློབ་མ་རྣམས་ལུས་བདེ་སེམས་སྐྱིད་ངང་སློབ་སྦྱོང་ལ་རོལ་རྒྱུའི་འགན་ལེན་བྱ་དགོས། སློབ་མ་ཁ་ཤས་ཁྱིམ་ཚང་གི་གནས་ཚུལ་དང་སློབ་མ་ཕན་ཚུན་དབར་གྱི་འགལ་བའམ་ཡང་ན་རྒན་ལགས་ཀྱི་བཀའ་བཀྱོན་སོགས་ཀྱི་རྐྱེན་པས། ཁོ་ཚོའི་སེམས་སུ་སྐྱོ་སྣང་དང་སེམས་སྡུག་སྣ་ཚོགས་ཡོང་སྲིད་པ་དང། དེ་དག་བརྗོད་ཡུལ་མ་རྙེད་པར་རྟག་ཏུ་སེམས་ནང་ཉར་བས། རྣམ་ཀུན་སློབ་སྦྱོང་ལ་བརྩོན་སེམས་ཆེ་ཞིང་སྦྱངས་འབྲས་ཡག་པོ་དེ་ཚོའང་དུས་ཐུང་ནང་ཞན་དུ་འགྱུར་བའི་སྣང་ཚུལ་ཐོན་གྱི་ཡོད། འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་ཐོག་ཏུ་སློབ་མའི་ཁྱིམ་བདག་གམ་སློབ་མ་གཞན་ལས་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཐབས་མཁས་ཀྱིས་སློབ་མའི་སེམས་ནད་བསལ་རྒྱུ་ནི་རང་འཁྲིའི་ལས་འགན་རང་ལགས།

གསུམ་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་རྗེས་ལུས་སློབ་མའི་སློབ་གསོར་ངེས་པར་དུ་དོ་སྣང་བྱ་དགོས།

འཛིན་གྲྭ་ཚང་མར་སྦྱངས་འབྲས་ལེགས་པའི་སློབ་མ་དང་། སྦྱངས་འབྲས་ཅུང་རྗེས་ལུས་ཀྱི་སློབ་མ་ཡོད་ཅིང་། རྗེས་ལུས་སློབ་མ་ནི་འཛིན་གྲྭ་ཧྲིལ་པོའི་དོར་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། རྗེས་ལུས་སློབ་མའི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་བཤད་ན། གལ་འགངས་ཤིན་ཏུ་ཆེ་བའི་འོས་འགན་ཞིག་ཡིན་ལ། འཛིན་གྲྭ་དེའི་སློབ་མའི་སྦྱངས་འབྲས་ལེགས་ཞན་གྱི་ཁ་ཕྱོགས་ཇི་འདྲ་ཞིག་ལ་འཕེལ་རྒྱས་འགྲོ་མིན་གྱི་འགག་རྩ་ཞིག་ཀྱང་རེད། འཛིན་གྲྭའི་ཀྲུའུ་རེན་གྱིས་རྗེས་ལུས་སློབ་མ་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའི་དབར་ལ་མཛའ་གཅུགས་ཀྱི་གསེར་ཟམ་འཛུགས་རྒྱུའི་བྱ་ཐབས་སྤྱད་ནས། ཁོ་ཚོས་མ་སྐུལ་དང་བླངས་དང་རང་འགུལ་གྱིས་རྗེས་ལུས་སློབ་མར་རོགས་རམ་བྱེད་རྒྱུའི་སེམས་ཤུགས་འཕེལ་བ་བྱས་ཏེ། རྗེས་ལུས་སློབ་མར་སློབ་གྲོགས་དང་འཛིན་གྲྭ་ཡོངས་ཀྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ཚེ་གཞི་ནས་སྤྱོད་ཡོན་གཉིས་ལྡན་གྱི་འཛིན་གྲྭ་ཞིག་ཆགས་ཐུབ

བཞི་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུར་དོ་སྣང་བྱ་དགོས།

བྱང་ཚད་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་འདུན་ལྟར་ན། སློབ་མའི་ཕྱོགས་ཚང་མའི་འཕེལ་རྒྱས་ནི་སློབ་གསོའི་དམིགས་པ་ཉག་ཅིག་དེ་ལགས་ཤིང་། འཛིན་གྲྭའི་ཀྲུའུ་རེན་གྱིས་མིག་རྒྱང་རིང་དུ་བསྲིངས་ནས་དུས་བསྟུན་འཕེལ་རྒྱས་ཀྱི་བསམ་བློ་བཅངས་ཏེ། སློབ་མའི་འཚར་ལོངས་ཀྱི་ཁྱད་ཆོས་དང་འཚམ་པའི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུར་དོ་སྣང་བྱ་དགོས། འཛིན་གྲྭ་ཕན་ཚུན་དབར་རྐང་རྩེད་སྤོ་ལོ་འགྲན་བསྡུར་དང་། རྩོམ་ཡིག་འགྲན་བསྡུར། ཡིག་གཟུགས་འགྲན་བསྡུར་སོགས་རྒྱུན་གཏན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ཕུད། འཛིན་གྲྭ་སོ་སོའི་ནང་དུ་ཡང་དཔེ་ཀློག་དང་བསམ་ཚུལ་སྤེལ་རེས་ཀྱི་བྱེད་སྒོ་སོགས་མང་ཙམ་སྤེལ་ནས། སློབ་མས་འཛིན་གྲྭའི་ནང་དུ་ཡང་ཁྱིམ་ཚང་ལྟ་བུའི་ཐུན་མོང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས།

མདོར་ན། འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་སྣང་ཆེན་གྱིས་རང་གི་ཕྱོགས་ཚང་མའི་བྱང་ཚད་གོང་མཐོར་བཏང་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་ལྷོད་གཡེང་གཏན་ནས་གཏོང་མི་རུང་ཞིང་། རང་གི་འོས་བབ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་ལས་དོན་ལ་གཞོལ་དགོས་པ་དང་། དགེ་རྒན་གཞན་གྱིས་ཀྱང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ལ་གཞོགས་འདེགས་དང་བསམ་ཤེས་བྱ་རྒྱུ་ནི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་བདེ་བླག་ཡོང་བའི་མཐུན་རྐྱེན་གལ་ཆེན་ཞིག་རེད་ལ། སློབ་གྲྭ་དང་ཁྱིམ་ཚང་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་གང་སྤྱིར་རམ་སྐྱོར་དང་སྐུལ་ལྕག་བྱ་རྒྱུ་ཡང་གལ་འགངས་ཤིན་ཏུ་ཆེ། དེ་བས་སློབ་མ་རང་ངོས་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་བཀའ་མངགས་བཞིན་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་མཐའ་ཡས་ཤེས་བྱར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ན། རང་གི་འཚར་ལོངས་ཀྱི་འཕེལ་རིམ་དང་ལྷན་དུ་སྒོ་ཀུན་གྱི་བྱང་ཚད་གོང་མཐོར་སོང་ནས་ལེགས་ཉེས་བླང་དོར་གནས་ལ་འཇུག་ལྡོག་ཕྱིན་ཅི་མ་ལོག་པ་ཡོང་རྒྱུ་སྨོས་མེད་ལགས།

(རྗེ་འབུམ་སྒང་སློབ་ཆུང་གི་དགེ་རྒན་བྱང་ཆུབ་ལྷ་འཛོམས་ཀྱིས)

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཏང་འཛུཌ་སྐྱོང་ལ་དམ་འཛིན་བྱས་པ།
སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་གསོ་སྦྱོང་ལས་འགན་ཧུར་ཐག་ཁུར་བ།
འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ།