第04版:གལ་ཆེའི་གསར་འགྱུ41/2017-11/09/04/2017110904_brief.jpg 上一版3
 
版面导航

第01版

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
འབྲུག་རྩེད་རྩེས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དརמ@
ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།
འབོ་གསེར་རྒྱལ་ཁབ་ལྔའི་དྲན་རྟེན་ཆ་ཚང་ཞིག
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2017年11月9日 星期
3 上一篇  下一篇 4  
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་དགོས།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། 《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་གསབ་སྣོན་བྱས་ཡོད། ཚོགས་འདུ་འཚོགས་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་དུས་རབས་གསར་པ་ནུས་ཤུགས་ཡོད་རྒུས་ཕྱེ་སྟེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་རྒྱང་སྐྱོད་ལམ་གསར་པ་བཅས་ལ་ཧ་ཅང་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བར་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་ལས་འགན་ཁག་བསྒྲུབ་རྒྱུའི་ཐད་གཅིག་སྒྲིལ་ཐུབ་པ་བྱེད་རྒྱུ་དེ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་དོན་སྙིང་ཧ་ཅང་གཏིང་ཟབ་ལྡན་ཡོད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱ་ཐབས་གལ་ཆེན་བཅས་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། སྤྱི་ཡོངས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་དང་ཆ་ལག་ཚང་བ་བྱེད་དགོས་ལ། གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩར་དམ་འཛིན་གྱིས་ཤུགས་རྒྱག་གཞི་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཡིན་པའི་ཐོག་དམིགས་པ་དང་། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐོག་དམིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་གྱི་ཤུགས་རྐྱེན་ཟབ་མོའི་ཐོག་དམིགས་པ། ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་དམིགས་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་ཡིད་ཆེས་ཐོབ་པའི་འགོ་ཁྲིད་མཉམ་སྡེབ་ཡིན་པའི་ཐོག་དམིགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་། མི་དམངས་ཀྱིས་གུས་བཀུར་ཞུ་བ། ཏང་གི་གཙོ་འཛིན་བསྙོན་མེད་ཅིག་ཡིན་པའི་ཐོག་དམིགས་པ་བཅས་བྱས་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ཐད་བྱ་ཐབས་དངོས་སྤྱོད་པ་དང་། ཏང་གཅེས་དང་། ཏང་ཆེད། ཏང་སྲུང་བཅས་ཀྱི་ཐད་བྱ་སྤྱོད་དངོས་སྤེལ་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་གནང་བ་དེ་ནི་ཏང་སེམས་གཏད་ཕྱོགས་དང་དམངས་སེམས་གཏད་ཕྱོགས་ཤིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་ངང་སྲུང་སྐྱོང་བྱེད་དགོས། “འདུ་ཤེས་བཞི”རང་རྟོགས་ངང་ཟབ་ཏུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ཏང་གི་དར་ཆ་དར་ཆར་རྩི་བ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་འདོད་བློར་འཛིན་པ་བཅས་བྱས་ནས་ལས་དོན་ཐམས་ཅད་ཀྲུང་དབྱང་གི་བཀའ་གཞིར་བཟུང་སྒྲུབ་པ་དང་། བྱ་བ་ཐམས་ཅད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་ཏེ་ཁ་ཕྱོགས་སྟངས་འཛིན་དང་། ཁྱོན་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་འཇོན་ཐང་དང་ཚུགས་ཤུགས་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བླ་སྲོག་ལྟ་བུ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་མཆོང་སྐྱོད་གཞན་ཞིག་རེད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་ལ་བློ་བརྟན་འགྱུར་མེད་ཀྱི་དད་མོས་བྱེད་མཁན་དང་ལག་ལེན་རྣམ་དག་བྱེད་མཁན་ཞིག་བྱེད་དགོས། རང་ལྗོངས་ལ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་གཙོ་བོ་འཕྲད་ཡོད་ལ། མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་འགལ་བ་ཡང་འཕྲད་ཡོད། བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པར་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་རྒྱུ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཐའ་འཁྱོངས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་ཕུགས་བསམ་གྱི་དད་སེམས་བརྟན་པོ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་དོན་དངོས་བྱ་སྤྱོད་དུ་སྒྱུར་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་མཐར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་མངོན་པར་བྱེད་དགོས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན”དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་རང་ཐག་རང་གཅོད་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ནས་རིག་གནས་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ལེན་དགོས།

ཏང་ནི་ཏང་སྲིད་དམག་དམངས་སློབ་བཅས་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ལེན་པར་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ཏེ་ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་འཛིན་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་སྤྱི་འདོམས་སུ་བྱེད་པ། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བའི་དམིགས་ཡུལ་རྨང་གཞིར་བྱེད་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་གཞིར་བྱེད་པ་བཅས་ཀྱིས་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མཐའ་འཁྱོངས་བྱས་ནས་སྐད་ཆ་དངོས་འབྲེལ་ཤོད་པ་དང་། བྱ་བ་དངོས་འབྲེལ་སྒྲུབ་པ། བྱེད་ཐབས་ནུས་ལྡན་འདོན་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཉེན་ཁ་སྔོན་འགོག་ལ་སྔ་བར་ཕྱི་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་བྱེད་དགོས།

དུས་རབས་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་འཆང་བ། ནམ་ཡང་འབད་འཐབ་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྒྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

(པ་ཚེ་དང་། བསོད་དཔའ། བསོད་དབང་བཅས་ཀྱིས་བསྒྱུར་ཞུས་བྱས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
འབྲུག་རྩེད་རྩེས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དརמ@
ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།
འབོ་གསེར་རྒྱལ་ཁབ་ལྔའི་དྲན་རྟེན་ཆ་ཚང་ཞིག