《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年09月25日

བོད་སྐྱོར་སྨན་པ་ཞེ་ཧན་ཧྥང་།

བོད་དུ་ཐེངས་གཉིས་ཡོང་ནས་བློ་བརྟན་འགྱུར་མེད་ངང་ལས་གནས་བརྟན་སྲུང་བྱས་པ།

“བུ་མོ་རེད་འདུག མ་བུ་བདེ་ཐང་བྱུང་སོང”དུས་ཡུན་ཆུ་ཚོད་1དང་སྐར་མ་10འགོར་ཞིང་། ཟླ་9ཚེས་20ཉིན་གྱི་ཆུ་ཚོད་20དང་སྐར་མ་50ཡི་ཐོག་སྨན་པ་ཞེ་ཧན་ཧྥང་གིས་ཕྲུ་གུ་དམར་འབྱར་ཞིག་པང་དུ་བཏབ་བཞིན་གཤགས་བཅོས་ཁང་ནས་དོན་ཏེ་ནང་མི་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དེ་ནི་ལོ་དྲུག་སོང་བའི་རྗེས་ཞེ་ཧན་ཧྥང་གིས་སླར་ཡང་བོད་སྐྱོར་ལས་དོན་སྒྲུབ་རིང་གི་གཤགས་བཅོས་ཐེངས་གསུམ་པ་དེ་ཡིན་ལ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ལོ་རྒྱུས་ཐོག་གི་མངལ་འདྲེན་སྐམ་པས་ཕྲུ་གུ་སྐྱེ་རོགས་བྱེད་པའི་གཤགས་བཅོས་ཐོག་མ་དེའང་རེད།

ཞེ་ཧན་ཧྥང་ནི་ཨན་ཧུའེ་ཞིང་ཆེན་ཐུང་ལིན་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་ཡིན་པ་དང་། 2016ལོའི་ཟླ་5པར་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་བོད་སྐྱོར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་ས་བབ་སྨི་4400ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ལས་བགོས་བརྒྱབ་པ་རེད། ལོ་དེར་ཁོང་གིས་ལས་གནས་བརྟན་སྲུང་གིས་ལ་དུག་ཁྱད་བསད་བྱས་པ་དང་རྫོང་དེའི་ལོ་རྒྱུས་ཐོག་གི་གཤགས་བཙའ་ཐོག་མ་དང་བུ་སྣོད་ཤ་སྐྲན་གཤགས་བཅོས་ཐེངས་དང་པོ་སོགས་བྱས་ནས་སྨན་བཅོས་བོད་སྐྱོར་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་པ་དང་། རང་ཉིད་ཀྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་རྫོང་དེའི་གཞི་རིམ་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་རྫོང་ཞིག་རེད། ད་རེས་ཀྱི་རིམས་ནད་ཐོན་རྗེས་མཚོ་སྣ་རྫོང་དུ་སྨན་དོན་མི་སྣའི་རོགས་སྐྱོར་ཧ་ཅང་མཁོ་པོ་ཡོད་པ་དང་ཐུང་ལིན་གྲོང་ཁྱེར་གྱིས་འཕྲལ་དུ་སྨན་བཅོས་རུ་ཁག་རོགས་སྐྱོར་བྱེད་པར་མངགས་པ་རེད། ཞེ་ཧན་ཧྥང་ལ་བོད་སྐྱོར་གྱི་ཉམས་མྱོང་ཡོད་པ་མ་ཟད་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཡང་ཡིན་པས། ཐུང་ལིན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་མར་ཁོ་མོར་འབྲེལ་གཏུག་བྱས་ཏེ། ཁོ་མོ་རིམས་ནད་འགོག་བཅོས་རིང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་བཅོས་མི་སྣའི་ལས་དོན་སྒྲུབ་པར་འགྲོ་རྒྱུར་སྐུལ་སློང་བྱས། ཟླ་བརྒྱད་པར་ཞེ་ཧན་ཧྥང་གིས་བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་སླར་ཡང་ས་མཐོར་ཐོན།

ཟླ་8པའི་ཚེས་21ཉིན། ཞེ་ཧན་ཧྥང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་སླེབས་ཤིང་། ངལ་གསོ་ཡང་རྒྱག་ཁོམ་མ་བྱུང་བར་གཤགས་བཅོས་སྟེགས་བུའི་ཐོག་སྐྱོད་དགོས་བྱུང་། ཟླ་8ཚེས་24ཉིན་རྫོང་དེའི་ཆུ་དྲོ་མོ་ཤང་གི་སྦྲུམ་མ་ཞིག་གི་གནས་ཚུལ་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། སྦྲུམ་མ་དེ་ནི་བརྒྱལ་གཟེར་གྱི་ནད་ཡོད་པའི་བུད་མེད་ཅིག་ཡིན་པས། སྨན་ཁང་གཞན་ལ་བསྒྱུར་ཁོམ་མེད་པ་རེད། ཞེ་ཧན་ཧྥང་ནི་གཤགས་བཅོས་སྨན་པ་གཙོ་བོ་ཞིག་ཡིན་པའི་ངོས་ནས་འཕྲལ་མར་གཤགས་བཙའ་བྱ་རྒྱུའི་ཐག་བཅད་པ་དང་དུས་ཡུན་སྐར་མ་55འགོར་རྗེས་གཤགས་བཅོས་བདེ་བླག་བྱུང་བ་དང་མ་བུ་གཉིས་ཀ་བདེ་ཐང་བྱུང་བ་རེད། ཟླ་9ཚེས་13ཉིན་ཞེ་ཧན་ཧྥང་ལ་ཡང་བསྐྱར་ལས་འགན་འབྱོར་བ་དང་ཉེན་ཁ་ཆེ་བའི་སྦྲུམ་མ་ཞིག་ལ་གཤགས་བཙའ་བྱས་ཤིང་གཤགས་བཅོས་བདེ་བླག་བྱུང་བ་རེད།

ད་ཆ་ཞེ་ཧན་ཧྥང་གིས་སྔར་བཞིན་འཐབ་ས་དང་པོར་ལས་དོན་སྒྲུབ་བཞིན་ཡོད། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ཁོང་གིས་ལོ་དྲུག་ནང་བོད་སྐྱོར་ཐེངས་གཉིས་བྱེད་མྱོང་བ་དང་བོད་སྐྱོར་བྱ་ཡུལ་གྱི་རྫོང་མི་འདྲ་ཡང་སྨན་བཅོས་བྱ་གཞག་ལ་བཅངས་པའི་དགའ་ཞེན་ལ་འགྱུར་ལྡོག་བྱུང་མེད། ལས་འགན་གང་འདྲ་ཞིག་སྒྲུབ་རུང་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་འོས་འགན་བརྟན་སྲུང་བྱེད་བཞིན་ཡོད།