《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年09月25日

ཤེས་དཔལ་སྲོལ་གསར་མང་ཚོགས་ཀྱི་འཚོ་བ་དང་མཐུན་ལ་མི་སེམས་སུ་ཟུག་པ།

—— མཚོ་སྔོན་གྱིས་གོམས་སྲོལ་སྒྱུར་བའི་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་གཞི་རིམ་ལྟ་དཔྱད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ན་ཅེ་དང་ཀྲང་ལུང་།

མེ་ཧུའུ་ཟློས་གར་མཚོ་སྔོན་དུ་དར་ནས་ལོ་བརྒྱ་ལྷག་ཙམ་སོང་ཞིང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་རེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ནུབ་ཐང་ཤང་སྤེན་མ་ཐང་གྲོང་ཚོར་མེ་ཧུའུ་ཟློས་གར་འཁྲབ་སྟོན་བྱེད་སྐབས་ཉེ་འཁོར་གྲོང་ཚོའི་ཡུལ་མི་ཚོ་གར་སྟེགས་ཀྱི་མདུན་དུ་འཛོམས་ནས་རོལ་དབྱངས་སྙན་མོ་ཅི་དགར་རོལ་བཞིན་ཡོད།

2017ལོ་ནས་བཟུང་སྤེན་མ་ཐང་གྲོང་ཚོའི་མེ་ཧུའུ་ཟློས་གར་གྱི་ལས་ཞོར་ཟློས་གར་ཚོགས་པས་གོམས་སྲོལ་སྒྱུར་བ་དང་ཤེས་དཔལ་གྱི་སྲོལ་གསར་གཏོད་པ་འཇུག་གཞིར་བྱས་ཏེ་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སླར་ཡང་གསོན་ཤུགས་མངོན་པར་བྱས་ཡོད།

ཟློས་གར་ཚོགས་པའི་འགན་འཁུར་བ་ཀྲང་ཧྥ་དབང་གིས་མང་ཚོགས་ཁག་གཅིག་ལ་རྒྱས་སྤྲོས་ཆུད་ཟོས་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད། གཉེན་སྟོན་དང་འདས་མཆོད་རྒྱས་གཤོམ་བྱེད་པ་སོགས་ཀྱི་སྲོལ་ངན་ཡོད་པར་དམིགས་ནས་ཁོང་ཚོས《གྲངས་འབོར་མང་བའི་གཉེན་རྟེན》དང《རྒས་དུས་འཚོ་བརྟེན་དཀའ་བ》སོགས་གོམས་སྲོལ་ངན་པ་ཐེར་འདོན་བྱེད་པའི་འཁྲབ་ཚན་གསར་པ་རྩོམ་སྒྲིག་བྱས་པས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་སོང་ཞེས་བཤད།

ལོ་75ལ་སླེབས་པའི་ལེ་ཡིའུ་ཀྲུང་ནི་མེ་ཧུའུ་ཟློས་གར་གྱི་དབྱིངས་པ་ཞིག་རེད། ཁོང་གིས“གྲོང་ཚོའི་ལས་བྱེད་པས་སྒོ་རྩར་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་དང་གྲོང་ཚོའི་ནང་ཚོགས་འདུ་འཚོགས་པ་དང་བསྡུར་ཚེ། ཚང་མས་མེ་ཧུའུ་ཟློས་གར་གྱི་དྲིལ་བསྒྲགས་བྱེད་སྟངས་ལ་དགའ་པོ་བྱེད་ཀྱི་འདུག གྲོང་ཚོའི་ནང་གི་ལོ་80ལ་སླེབས་པའི་བགྲེས་སོང་དང་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་ཚང་མས་འཁྲབ་ཚན་གྱི་ནང་དོན་རྟོགས་ཐུབ་ཀྱི་འདུག”ཅེས་བཤད།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་དུ་ས་གནས་དེས་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། དཔེ་བཟང་རྒན་གྲས་བཅས་ཀྱི་ཁྲོད་ནས་མི་སྣ་བདམས་ཏེ“རྒན་གྲས་གསུམ”གྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་མི་སེར་གྱི་སྒོ་འགྲམ་དུ་སྒྲོག་འགྲེལ་བྱེད་པ་དང“གནས་ལུགས་ཆེན་པོ”མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཤོད་ཀྱི་ཡོད་པས་ཚང་མའི་དགའ་བསུ་ཐོབ་ཡོད།

འདི་ལོ་ལོ་70ལ་སླེབས་པའི་ཏང་ཡོན་རྒན་གྲས་ཤུའེ་ཏེ་ལི་ཡིས་རྒན་ཡོལ་ཞུས་ཀྱང་མུ་མཐུད་ནུས་ཤུགས་ལྷག་མ་འདོན་འདོད་ཡོད་སྟབས། ལོ་5ཡི་གོང་སྡེ་ཁུལ་གྱི་འོས་སྦྱོར་འོག་སྒྲོག་འགྲེལ་ཚོགས་པའི་ནང་ཞུགས་པ་རེད། ད་ཆ་ཁོང་ནི“རྒན་གྲས་གསུམ”གྱི་སྒྲོག་འགྲེལ་ཚོགས་པའི་འགན་འཁུར་བ་རེད།

མདོ་ལ་རྫོང་ཁང་དམར་གྲོང་རྡལ་བྲག་དམར་གྲོང་ཚོར་དུས་སྐབས་ཤིག་རིང“གཉེན་རྟེན”གྱི་གནོན་ཤུགས་ཆེ་དྲགས་ནས་བོད་རིགས་ཕོ་གསར་སངས་རྒྱས་ཚལ་ཡིད་སྐྱོ་བཞིན་ཉམས་མདངས་རྦད་དེ་ཤོར་ཡོད།

“གྲངས་འབོར་མང་བའི་གཉེན་རྟེན་གྱིས་ཕོ་གསར་མོ་གསར་ཚོར་དཔལ་འབྱོར་གྱི་ཁུར་པོ་མི་ཉུང་བ་ཞིག་བཟོས་པ་མ་ཟད། མནའ་མར་ཕྱིན་ན་ད་དུང་བུ་ལོན་མང་པོ་འཁུར་དགོས་ཀྱི་ཡོད། སྒྲོག་འགྲེལ་ཚོགས་པ་དང་གྲོང་ཚོའི་ལས་བྱེད་པས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་པར་བརྟེན་བུ་མོ་དབྱིངས་མོ་མཚོའི་ཕ་མ་གཉིས་པོས་གཞི་ནས“གཉེན་རྟེན་མེད་པའི”གཉེན་སྟོན་འདི་ཁས་བླངས་པ་རེད།

དམིགས་བསལ་གྱི་གཉེན་སྟོན་དེར་རྒྱས་སྤྲོས་ཆེ་བའི་བག་མ་བསུ་ལེན་གྱི་རླངས་འཁོར་རུ་ཁག་མེད་ལ། མཛེས་རྒྱན་སྤྲས་པའི་གཉེན་རྟེན་དང་སྐལ་རྫོངས་ཀྱང་མེད། དེ་ནས་བཟུང་ས་གནས་དེ་གས་གོམས་སྲོལ་སྒྱུར་བའི་ལས་དོན་ལ་སྐུལ་འདེད་བཏང་སྟེ“གཉེན་རྟེན་མེད་པའི”སྲོལ་གསར་ཁྱབ་གདལ་གཏོང་འགོ་ཚུགས་པ་རེད།

འདི་ལོའི་ཟླ་9པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་རྡལ་ཝུའུ་ཧྲང་གྲོང་ཚོར་གྲོང་མི་ཧན་ཀྲན་ཡུན་གྱིས་ཁོང་གི་ཕ་ཧན་ལུའུ་ལིན་ལ་འདས་པོའི་མཆོད་འབུལ་བྱེད་སྐབས་སྟབས་བདེ་པོ་བྱས་ཁར་དུས་ཚོད་ཀྱང་ཐུང་དུ་བཏང་བ་རེད།

“ལས་བྱེད་པས་ཁྲིད་སྟོན་བྱས་པ་བརྒྱུད། ང་ཚོས་གོམས་སྲོལ་སྒྱུར་བའི་སྲོལ་ཡིག་ལ་བརྩི་སྲུང་ཞུ་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ལ་བསྟུན་ནས་གཉེན་ཉེ་མཉམ་འཛོམས་ཀྱིས་མྱ་ངན་ཞུས་མེད” དེ་ལས་ང་ཚོའི་དཔལ་འབྱོར་གྱི་ཁུར་པོ་ཆུང་དུ་ཕྱིན་སོང་ཞེས་ཧན་ཀྲན་ཡུན་གྱིས་བཤད།

2020ལོར་མཚོ་ཤར་གྲོང་ཁྱེར་གྱིས《མཚོ་ཤར་གྲོང་ཁྱེར་གྱི་གོམས་སྲོལ་སྒྱུར་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཏོན་ནས་ལག་བསྟར་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་པ་ཆེན་པོ་ཐོན་པ་མ་ཟད། ད་དུང་མཚོ་སྔོན་གྱི་ས་ཁུལ་གཞན་དག་གིས་གོམས་སྲོལ་སྒྱུར་བའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུར་འཚོལ་ཞིབ་ནུས་ལྡན་ཡང་བྱས་པ་རེད། (ལྷ་དབང་གིས་སྒྱུར་ཞུས་བྱས)