《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年06月29日

སྡེ་ཚན་བརྒྱད་ཀྱིས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས《དུས་མཚམས་རང་བཞིན་གྱི་ཁྲོམ་རའི་བྱེད་པོའི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཁང་གླའི་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་རོགས་རམ་བྱས་པ་རེད།

《བརྡ་ཐོའི》ནང་། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་གང་མགྱོགས་བྱེད་དགོས། རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ལ་གཏན་འཁེལ་བྱས་པའི་ས་ཁུལ་གནས་ཡུལ་གྱི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ནང་གི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་གཞུང་ཁོངས་ཁང་པ་བོགས་མར་ལེན་རིགས་ལ། 2022ལོར་ཟླ་6གི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་ས་ཁུལ་གཞན་དག་ལ་ཟླ་3གྱི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་རེད། བོགས་གཏོང་མཁན་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་རིགས་ཁྲལ་དོན་སྡེ་ཚན་གྱིས་ས་གནས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལོ་དེའི་ཁང་པའི་དཔྱ་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། གཞུང་ཁོངས་དངུལ་ཁང་གིས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་བོགས་གཏོང་མཁན་གྱི་དགོས་མཁོར་གཞིགས་ནས་གཟིགས་སྐྱོང་སྐྱེད་ཀའི་གཏའ་འཇོག་དངུལ་བུན་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུར་བསྔགས་སྐུལ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

རིམ་ཁག་མ་རྩ་གཏོང་མཁན་འགན་སྒྲུབ་ལས་ཁུངས(སྡེ་ཚན)ཀྱིས་ལྟ་འདོམས་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱིས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ས་གནས་ཁག་ལ་གཞུང་ཁོངས་ཁང་པའི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་རྐྱེན་གྱིས་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་ཚོང་གཉེར་ལས་རྗེས་ལ་ཤུགས་རྐྱེན་ཐེབས་རིགས་ལ་དཔྱད་ཞིབ་བྱེད་རིང་དོན་དངོས་གནས་ཚུལ་གཞིར་བཟུང་ཁས་ལེན་བྱེད་དགོས།

《བརྡ་ཐོ》གཞིར་བཟུང་། གཞུང་ཁོངས་མིན་པའི་ཁང་པ་བོགས་མར་གཏོང་མཁན་གྱིས་ཞབས་ཞུ་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་ཐད་གོང་གསལ་གྱི་སྲིད་ཇུས་གཟིགས་སྐྱོང་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པ་བྱེད་པ་ཕུད། ས་གནས་ཁག་གིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དེ་བས་ཆེན་པོ་བྱེད་རྒྱུར་བསྔགས་སྐུལ་བྱེད་དགོས། བོགས་སྒྱུར་དང་ཁག་བགོས་བོགས་གཏོང་གི་རྣམ་པའི་ཐོག་ནས་ཁང་པ་བོགས་མར་གཏོང་རིགས་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་མཐའ་མའི་བོགས་མ་ལེན་མཁན་ལ་ཕན་པ་ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་ལས། བོགས་སྒྱུར་དང་ཁག་བགོས་བོགས་གཏོང་གི་ལྷུ་ཚིགས་སུ་ཁང་གླ་ཧམ་སྤོར་བྱེད་ཆོག་གི་མེད་པ་རེད།

(ཚེ་ལྷས་བསྒྱུར། པ་ཚེས་ཞུས)