《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

གཞི་རིམ་གྱི་རིག་གནས་ཐོན་རྫས་ཚན་པའི་ཤེས་ལྡན་མི་སྣ་དཀོན་པའི་དཀའ་གནད་སེལ་ཆེད་ཧྲན་ཤིས་ཀྱིས་རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་སློབ་ཡོན་མི་དགོས་པར་གནས་གཏན་འཁེལ་གྱིས་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ཐའེ་ཡོན་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྫོང་རིམ་པ་མན་གྱི་གཞི་རིམ་གྱི་རིག་གནས་ཐོན་རྫས་ཚན་པའི་ཆེད་ལས་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པ་དང་དཔུང་ཁག་གི་སྟོབས་ཤུགས་ཉམས་ཞན་དུ་སོང་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཇི་ལྟར་བྱེད་དགོས་སམ།

ཉེ་ཆར། ཧྲན་ཤིས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཧྲན་ཤིས་ཞིང་ཆེན་རིག་དངོས་ཅུས་སོགས་སྡེ་ཚན་ལྔ་ཡིས་མཉམ་དུ་བཀྲམ་པའི《རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་སློབ་ཡོན་མི་དགོས་པར་གནས་གཏན་འཁེལ་གྱི་གསོ་སྐྱོང་ལག་བསྟར་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)གསལ་འགྲེལ་བྱས་པ་རེད། འདི་ལོ་རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་སློབ་ཡོན་མི་དགོས་པར་གནས་གཏན་འཁེལ་གྱི་གསོ་སྐྱོང་ལས་དོན་དངོས་སུ་སྤེལ་འགོ་འཛུགས་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་རྫོང་མན་གྱི་གཞི་རིམ་རིག་གནས་ཐོན་རྫས་ཚན་པར་སློབ་ཡོན་མི་དགོས་པར་རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་600གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཤིས་ཀྱི་རིག་དངོས་ཀྱི་གཞི་རྩའི་ཁྱད་ཆོས་ནི་གྲངས་འབོར་མང་བ་དང་། ཁྱབ་རྒྱ་ཆེ་བ། སྤུས་ཚད་མཐོ་བས། སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་བདེ་འཇགས་ཀྱི་གནོན་ཤུགས་ཆེན་པོ་ཡོད་པ་རེད།

ཧྲན་ཤིས་ནི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་ཆེན་ཆེ་གྲས་ཤིག་ཡིན་ཞིང་། མིག་སྔར་སྤོ་མི་རུང་བའི་རིག་དངོས་53875ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཀྱི་ཡོད། དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་531ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། ད་ཆ་ཡོད་པའི་གནའ་བོའི་སྐྲུན་དངོས་28027དེ་དག་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་དང་། དེའི་ནང་ཡོན་རྒྱལ་རབས་དང་ཡོན་རྒྱལ་རབས་གོང་གི་ཤིང་ལས་གྲུབ་པའི་གནའ་བོའི་སྐྲུན་དངོས་500ལྷག་ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་80%ཡན་བཟུང་བ་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་ཐང་རྒྱལ་རབས་ཀྱི་ཤིང་ལས་གྲུབ་པའི་གནའ་བོའི་སྐྲུན་དངོས་3ཚང་མ་ཧྲན་ཤིས་སུ་ཡོད། གནའ་བོའི་སྐྲུན་དངོས་དེ་དག་ཁྲོད་ད་ཆ་ཉར་ཚགས་བྱས་པའི་ཐང་རྒྱལ་རབས་དུས་ནས་བཟུང་གི་ཚོན་ལྡན་འཇིམ་བཟོ་དང་། ལྡེབས་རིས། གནའ་བོའི་ཁྲང་ཞིའི་འཁྲབ་སྟེགས། སྐབས་རིམ་བྱུང་གི་ལྕགས་རི་རིང་པོ་བཅས་ཚང་མའི་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། ད་བར་ཉར་ཚགས་བྱས་པའི་གསར་བརྗེའི་རིག་དངོས་2278ཡོད་པ་དེ་དག་རྒྱལ་ཡོངས་དང་། དམག་སྡེ་བརྒྱད་པ། དམར་དམག་ཤར་སྐྱོད་ཀྱི་འབྲེལ་ཡོད་རིག་དངོས་ཤུལ་བཞག་ཆ་ཚང་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་ཞིང་ཆེན་ཞིག་རེད།

“རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་ནི་ཧྲན་ཤིས་ཀྱིས་གཞི་རིམ་གྱི་རིག་དངོས་ལས་དོན་གྱི་དོན་དངོས་གཞིར་བཟུང་གཞི་རིམ་གྱི་རིག་དངོས་ལས་དོན་གྱི་དགོས་མཁོར་དམིགས་ནས་ཇུས་འགོད་བྱས་པ་ཞིག་རེད། དངོས་གཞིའི་ཚན་ཁག་གི་སློབ་གླིང་དང་སློབ་གྲྭས་ཚད་ལྡན་གསོ་སྐྱོང་བྱས་རྗེས། གནའ་རྫས་རྟོག་ཞིབ་དང་། རིག་དངོས་ཀྱི་སྐྲུན་དངོས། རྟེན་རྫས་བཤམས་མཛོད་ཁང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པའི་ཤེས་ལྡན་མི་སྣར་འགྱུར་རྒྱུ་རེད། དེ་ནི་གསར་གཏོད་རང་བཞིན་གྱི་གསོ་སྐྱོང་བྱེད་སྟངས་ཤིག་ཡིན་པས་རྒྱལ་ཡོངས་སུ་ལག་བསྟར་བྱེད་ཐེངས་དང་པོ་རེད”ཅེས་ཧྲན་ཤིས་ཞིང་ཆེན་རིག་དངོས་ཅུས་ཏང་ཙུའུ་ཡི་ཁོངས་མི་ཅུས་ཀྲང་གཞོན་པ་ཁྲེང་ཧྲུའུ་ལིན་གྱིས་བཤད།

ཁྲེང་ཧྲུའུ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་ཇུས་གཞིའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་ལག་ལེན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་རེད། གསོ་སྐྱོང་ལོ་བཞི་བྱེད་རིང་ལོ་གཉིས་དང་ལོ་ཕྱེད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དང་ལོ་གཅིག་དང་ལོ་ཕྱེད་རིང་ལག་ལེན་སློབ་ཁྲིད་གཙོ་བོར་འཇོག་རྒྱུ་རེད། སློབ་ཐོན་སློབ་མ་གནས་གཏན་འཁེལ་ངང་ལས་ཞུགས་ཐུབ་རྗེས་གནའ་རྫས་རྟོག་ཞིབ་དང་། རིག་དངོས་ཀྱི་སྐྲུན་དངོས། རྟེན་རྫས་བཤམས་མཛོད་ཁང་བཅས་ཕྱོགས་གསུམ་གྱི་ལས་དོན་གྱི་ལས་འགན་འཁུར་ནས་གཞི་རིམ་ལས་དོན་གྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ།

《བྱེད་ཐབས》ལ་ཁྱོན་ལེའུ་6དང་དོན་ཚན་23ཡོད། རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་གནས་གཏན་འཁེལ་གྱིས་སློབ་བསྡུ་དང་། གནས་གཏན་འཁེལ་གྱིས་བགོ་བཤའ། སློབ་ཡོན་མི་དགོས་པར་གསོ་སྐྱོང་བཅས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ལོ་ལྟར་ཞིང་ཆེན་ཡོངས་ནས་གནས་གཏན་འཁེལ་གྱི་སློབ་བསྡུ་བྱ་རྒྱུ་ཡིན་ཞིང་། རྫོང(གྲོང་ཁྱེར་དང་ཆུས)ཁག་གི་སྒྲིག་ཁོངས་གནས་ཚུལ་ལ་གཞིགས་ནས་སློབ་བསྡུའི་གྲངས་འབོར་གཏན་འཁེལ་བྱ་རྒྱུ་རེད། རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣ་སློབ་གྲྭ་ཐོན་རྗེས་ཐད་ཀར་རྫོང(གྲོང་ཁྱེར་དང་ཆུས)དང་དེ་བཞིན་དེ་མན་གྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ཚན་པར་གནས་གཏན་འཁེལ་གྱིས་ལས་ཞུགས་བྱ་རྒྱུ་དང་ལས་རིགས་དེའི་ནང་ཞུགས་རྗེས་ཐད་ཀར་བྱ་གཞག་གི་སྒྲིག་ཁོངས་སུ་བརྩི་རྒྱུ་རེད། རིག་དངོས་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣས་སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་དང་། ཉལ་ཁང་གི་རིན་པ། བསླབ་གཞིའི་རིན་པ། དངོས་སྦྱོང་གི་གྲོན་དངུལ། ལྟོ་རིན་བཅས་སྤྲོད་མི་དགོས་པར་ཞིང་ཆེན་ནོར་སྲིད་ཀྱིས་སྤྲོད་འགན་འཁུར་རྒྱུ་དང་གསོ་སྐྱོང་སློབ་གླིང་དང་སློབ་གྲྭའི་ལོ་འཁོར་གྱི་སྔོན་རྩིས་ལ་བཅུག་ནས་འགན་ལེན་བྱ་རྒྱུ་རེད།

(རིག་རྡོར་གྱིས་བསྒྱུར། བསྟན་བཟང་གིས་ཞུས)