《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། གྲོགས་པོ་བློས་ཐུབ། གྲོགས་པོ་བཟང་པོ་བཅས་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་ཧྥེ་རི་ཁར་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་སྐོར་གྱི་དྲི་བར་ལན་འདེབས་སྐབས་ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། གྲོགས་པོ་བློས་ཐུབ། གྲོགས་པོ་བཟང་པོ་བཅས་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན། དེར་བརྟེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།

གསར་འགོད་པ་ཞིག་གིས་ཉེ་དུས་ཨ་ཧྥེ་རི་ཁའི་གྲགས་ཅན་གྱི་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི“ཨ་ཧྥེ་རི་ཁའི་བདེ་སྡུག་བརྟག་དཔྱད་རེའུ་མིག”ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་གསལ། ཨ་ཧྥེ་རི་ཁར་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཡིན་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་63%གྱིས་ཀྲུང་གོས་རང་རེའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་ལ་ཤུགས་རྐྱེན“ཆེན་པོ”ཐེབས་པའམ་ཡང་ན་ཤུགས་རྐྱེན“ཆེ་ཙམ”ཐེབས་པའི་ངོས་འཛིན་བྱས་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་66%གིས་ཀྲུང་གོས་ཨ་ཧྥེ་རི་ཁའི་ཆབ་སྲིད་དང་དཔལ་འབྱོར་ཐད་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་ངོས་འཛིན་བྱས་ཡོད། དེ་དང་ཆབས་ཅིག་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཉིན་ཤས་གོང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་སྤྱི་ཁྱབ་པུའུ་རུ་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་གཞན་དག་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐྱོན་བརྗོད་དང་སྐྱོན་འཛུགས་བྱས་པ་ངས་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།

ཀྲའོ་ལི་ཅན་གྱིས་འབྲེལ་ཡོད་སྙན་ཞུའི་ནང་གི་གྲངས་གཞི་དེ་དག་ལས་ཕྱོགས་གཞན་ཞིག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་དོན་སྙིང་མཚོན་ཐུབ་ཅེས་བརྗོད་པ་རེད།

ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་མ་ཟད། ད་དུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགའ་བསུ་ཐོབ་ཡོད། ཚོང་དོན་འགྲོ་འོང་ཐད་ཀྲུང་གོས་ལོ་12བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་བཟུང་བ་དང་། རྨང་གཞིའི་སྒྲིག་བཀོད་ཐད་ཨ་ཧྥེ་རི་ཁ་འདི་ཉིད་ཀྲུང་གོས་ཕྱི་ཕྱོགས་ལས་གྲྭ་འགན་གཙང་ལེན་པའི་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་བླང་བྱ་ལྟར་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་རྣམ་གྲངས་འབོར་ཆེན་ལག་ལེན་བསྟར་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་པ་ནས་བཟུང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་ལྕགས་ལམ་སྤྱི་ལེ་ཁྲི་1ལྷག་ཙམ་དང་གཞུང་ལམ་སྤྱི་ལེ་ཁྲི་10ཙམ་གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་ཁྲི་450ལྷག་ཙམ་བཏོད་ཡོད། མ་འཇོག་མཉམ་ལས་ཐད་ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀར་མ་འཇོག་གསོག་འབོར་ཨ་སྒོར་དུང་ཕྱུར་434ལྷག་ཙམ་ཟིན་ནས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་མཁན་རྒྱལ་ཁབ་ཆེ་གྲས་བཞི་པར་གྱུར་ཡོད་ཅེས་བརྗོད་པ་རེད།

“ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། གྲོགས་པོ་བློས་ཐུབ། གྲོགས་པོ་བཟང་པོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ཐད་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་རྩ་བསྐྲུན་རྒྱུ་མཐའ་འཁྱོངས་དང་། ཨ་ཧྥེ་རི་ཁ་ཕྱོགས་ཀྱི་དགོས་མཁོ་དང་ཁེ་ཕན་ལ་དམིགས་རྒྱུ་མཐའ་འཁྱོངས། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པ་མཐའ་འཁྱོངས་བཅས་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་སེམས་གཏིང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་སྟོབས་རང་འཕེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་རྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། དེར་བརྟེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།

(ལྷ་དབང་དང་ཟླ་ཚེས་སྒྱུར་ཞུས་བྱས)