《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

“ཨུ་ཀྲུང་གི་མཛའ་གྲོགས་ཆེད་ནུས་ཤུགས་གང་ཡོད་འདོན་གྱི་ཡིན”

—— ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་ཨོའུ་ཧྥུའུ་ཆིན་ལ་རྗེས་དྲན་ཞུས་པ།

ཀྲུའུ་ཧྲོའུ་ཁྲེན།

ཨོའུ་ཧྥུའུ་ཆིན་གྲོངས་པའི་གནས་ཚུལ་ཐོས་སྐབས་ངར་སེམས་སྡུག་ཆེན་པོ་བྱུང་། ཁོང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། ཨུ་རུ་སུའི་གྲགས་ཅན་གསར་འགོད་པ་དང་རྒྱ་རིག་པ་མཁས་ཅན་ཡིན་ཞིང་། ཚེ་གང་རིང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ང་དང་ཨོའུ་ཧྥུའུ་ཆིན་ནི་ཨུ་རུ་སུའི“ཀྲུང་གོའི་ལོའི”ཨུ་རུ་སུའི་ཡི་གེའི་འཕྲིན་སྤེལ་གསར་འགྱུར་བྱ་དགའ་དཔྱད་འདེམས་ཀྱི་བྱེད་སྒོའི་ཐོག་ངོ་ཤེས།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུལ་འདེད་འོག 2006ལོར་ཀྲུང་གོར་གཉེར་བའི“ཨུ་རུ་སུའི་ལོའི”བྱེད་སྒོ་ཧ་ཅང་ལམ་ལྷོངས་བྱུང་བ་དང་། 2007ལོར་ཨུ་རུ་སུར་གཉེར་བའི“ཀྲུང་གོའི་ལོའི”བྱེད་སྒོ་ཡང་དེ་ལྟར་ལམ་ལྷོངས་བྱུང་ཡོད། ཨུ་རུ་སུའི་གསར་འགྱུར་ལས་རིགས་ཀྱིས“ཀྲུང་གོའི་ལོའི”བྱེད་སྒོ་དང་ཨུ་ཀྲུང་འབྲེལ་བའི་ཐད་ཕྱོགས་ཡོངས་ནས་འཕྲིན་སྤེལ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། 2007ལོའི་ཟླ་11པར། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་དང་ཨུ་རུ་སུའི་གསར་འགྱུར་ཁང་གིས་མོ་སི་ཁོར“ཀྲུང་གོའི་ལོའི”ཨུ་རུ་སུའི་ཡི་གེའི་འཕྲིན་སྤེལ་གསར་འགྱུར་བྱ་དགའ་དཔྱད་འདེམས་བྱས་པ་དང་། ང་རང་ཀྲུང་གོ་ཕྱོགས་ཀྱི་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ངོས་ནས་ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོར་ཞུགས་པ་ཡིན། ཨུ་རུ་སུ་ཕྱོགས་ཀྱི་ཞིབ་དཔྱད་ཨུ་ཡོན་5ཡི་ཁྲོད་གཟུགས་པོ་རིང་ལ་དབུ་སྐྲ་དཀར་བ་དང་བཞིན་མདངས་བཟང་བའི་བགྲེས་སོང་ཞིག་ཡོད་པ་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་ཁོང་ནི་ཧྥུའུ་ཤེ་ཨོ་ལུའོ་ཏེ·ཨའོ་ཧྥུའུ་ཆིན་ཉི་ཁོ་ཧྥུ་ཡིན་པ་དང་། རྒྱ་ཡིག་གི་མིང་ལ་ཨོའུ་ཧྥུའུ་ཆིན་ཟེར།

ཨོའུ་ཧྥུའུ་ཆིན་ནི་1926ལོར་འཁྲུངས་པ་དང་། ཀྲུང་གོར་ཡུན་རིང་ལས་ཀ་དང་འཚོ་བ་སྐྱེལ་མྱོང་ཡོད། 1953ལོ་ནས་1959ལོའི་བར་ཀྲུང་གོར་བཅའ་སྡོད《བདེན་དོན་ཚགས་པར》གྱི་གསར་འགོད་པའི་འགན་འཁུར་བ་དང་། 1992ལོ་ནས་1996ལོའི་བར་ཨུ་རུ་སུའི་རིགས་གཅིག་མཁས་ཅན་གྱི་ངོས་ནས་ཤིན་ཧྭ་གསར་འགྱུར་ཁང་དུ་ལས་ཀ་གནང་ཞིང་། ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མྱོང་། ཕྱིས་སུ་ཨོའུ་ཧྥུའུ་ཆིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་ཁུངས་ཚགས་པར《ཨུ་རུ་སུའི་ཚགས་པར》གྱི་ཆབ་སྲིད་དཔྱད་གཏམ་པ་དང་ཨུ་ཀྲུང་གི་དུས་རབས་21པའི་ཞི་བདེ་མཛའ་གྲོགས་ཨུ་ལྷན་གྱི་ལས་འཛིན་གྱི་འགན་འཁུར་བ་རེད།

ཨོའུ་ཧྥུའུ་ཆིན་གྱིས་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་སོགས་ཀྲུང་གོའི་འགོ་ཁྲིད་རྒན་རབས་ཞལ་འཇལ་བྱུང་བར་སྤོབས་པ་སྐྱེ་ཡི་ཡོད།

ངས་ཁོང་ལ་ཀྲུང་གོར་སྡོད་རིང་བག་ཆགས་ཟབ་ཤོས་ཀྱི་བྱ་བ་གང་ཡིན་ནམ་ཞེས་སྐད་ཆ་འདྲི་སྐབས། ཁོང་གིས་བསམ་བློ་ཡུད་ཙམ་ཡང་མ་བཏང་བར1956ལོར་ཀྲུའུ་ཞི་མའོ་ཙེ་ཏུང་ཞལ་མཇལ་བྱུང་བ་དེ་ཡིན་ཞེས་ལན་བཏབ་བྱུང་། ལོ་དེར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་ཤིང་། ཨོའུ་ཧྥུའུ་ཆིན《བདེན་དོན་ཚགས་པར》གྱི་གསར་འགོད་པའི་ངོས་ནས་ཚོགས་ཆེན་གྱི་གནས་ཚུལ་འཕྲིན་སྤེལ་བྱས་པ་རེད། ཚོགས་ཆེན་མཇུག་འགྲིལ་རྗེས། ཀྲུའུ་ཞི་མའོ་ཙེ་ཏུང་ཆེད་མངགས་གསར་འགོད་པའི་ངལ་གསོ་ཁང་དུ་ཕེབས་ནས“《བདེན་དོན་ཚགས་པར》གྱི་གསར་འགོད་པ་སུ་ཡིན་ནམ”ཞེས་བཀའ་འདྲི་གནང་བ་རེད། ཨོའུ་ཧྥུའུ་ཆིན་གྱིས་འཕྲལ་མར་ཡར་ལངས་ནས“ང་ཡིན”ཞེས་ལན་བཏབ། ཀྲུའུ་ཞི་མའོ་ཙེ་ཏུང་ཚུར་ཕེབས་ནས་ཁོང་གི་ལག་ནས་འཇུས་ཏེ“སྐུ་ལས་ཁག་སོང། སྐུ་ལས་ཁག་སོང”ཞེས་གསུངས་པ་རེད།

ཨོའུ་ཧྥུའུ་ཆིན་ལ་ཙུང་ལི་ཀྲོའུ་ཨེན་ལའེ་ཞལ་འཇལ་ཡོང་བའི་གོ་སྐབས་དེ་བས་མང་བ་ཡོད། འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། ཨོའུ་ཧྥུའུ་ཆིན་གྱིས་ཐེངས་ཤིག་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གསར་འགོད་པས་དྲི་བ་འདི་འདྲ་ཞིག་བཏོན་པ་སྟེ“ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ནང་ག་དུས་ཞུགས་རྒྱུ་ཡིན་ནམ”ཞེས་དྲིས་པར། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས“ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་འཛུགས་མཁན་རྒྱལ་ཁབ་ཅིག་ཡིན་པས་དེ་ནི་ཀྲུང་གོ་ག་དུས་ཞུགས་མིན་གྱི་གནད་དོན་ཞིག་མིན་པར་ག་དུས་ཀྲུང་གོའི་གདན་ཐོབ་སླར་གསོ་བྱ་རྒྱུའི་གནད་དོན་ཞིག་རེད”ཅེས་ལན་བཏབ། དེང་གི་གནས་བབ་མཐོང་དུས་སྔ་མའི་གནས་ཚུལ་ལྷང་ལྷང་དྲན་ཞིང་། ད་ཆའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བཏོན་པའི་ནུས་པ་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

“ཀྲུང་གོའི་ལོའི”ཨུ་རུ་སུའི་ཡི་གེའི་འཕྲིན་སྤེལ་གསར་འགྱུར་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ཨོའུ་ཧྥུའུ་ཆིན་གྱིས“གསར་འགོད་པ་རྒན་གྲས་ཞིག་གི་ངོས་ནས་ཨུ་ཀྲུང་མི་དམངས་དབར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་བྱ་བ་བསྒྲུབ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་གཉིས་པོའི་གསར་འགྱུར་ལས་རིགས་ཀྱིས་སྤེལ་རེས་ཀྱི་འབྲེལ་བ་བཟང་པོ་འཛུགས་དགོས་ཤིང་། དེའི་ཐད་ང་ཚོར་ད་དུང་ལས་དོན་ཧ་ཅང་མང་པོ་བསྒྲུབ་རྒྱུ་ཡོད། ངས་ཨུ་ཀྲུང་གི་མཛའ་གྲོགས་ཆེད་ནུས་ཤུགས་གང་ཡོད་འདོན་འདོད་ཡོད། རྒྱལ་ཁབ་གཉིས་པོའི་གསར་འགྱུར་ལས་རིགས་དབར་འགྲོ་འོང་ཇེ་མང་དུ་འགྲོ་བ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་ཇེ་དམ་དུ་འགྲོ་བ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཇེ་ཟབ་ཏུ་འགྲོ་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། དབང་སྒྲོལ་སྐྱིད་དང་ཚེ་སྒྲོལ་གྱིས་ཞུས)