《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཕྱི་འབྲེལ་པུས་བསྟན་དོན།

རི་པིན་ཕྱོགས་ཀྱིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་ནས་རང་སྐྱོན་རང་བརྟག་གཏིང་ཟབ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རི་པིན་གྱི་གྲོས་མི་བརྒྱ་ཙམ་གྱིས་མཉམ་དུ་རྒྱལ་བདེ་ལྷ་ཁང་དུ་གུས་མཇལ་བྱེད་པར་བསྐྱོད་པའི་གནས་ཚུལ་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་7ཉིན། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རི་པིན་ཕྱོགས་ཀྱིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་དམག་རྒྱལ་རིང་ལུགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། པུའུ་ཀྲང་གཞོན་པ་རིམ་པའི་སྲིད་གཞུང་གི་དཔོན་རིགས་9ཚུད་པའི་རི་པིན་གྱི་ཏང་ཤོག་ལས་བརྒལ་བའི་རྒྱལ་ཚོགས་ཀྱི་གྲོས་མི་ཚོགས་པའི“ཚང་མ་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུ་བར་ཤོག་ཅེས་པའི་རྒྱལ་ཚོགས་ཀྱི་གྲོས་མིའི་ཚོགས་འདུའི”གྲོས་མི་99ཡིས་ཚེས་7ཉིན་མཉམ་དུ་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

ཀྲའོ་ལི་ཅན་གྱིས་ལོ་ངོ་80ཡི་གོང་གི་ཟླ་12ཚེས་7ཉིན་རི་པིན་གྱིས་མུ་ཏིག་གྲུ་ཁར་འཇབ་རྒོལ་བྱས་ནས་ཞི་བདེ་རྒྱ་མཚོའི་དམག་འཁྲུག་བསླངས་ཡོད། རི་པིན་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་མང་པོ་ཞིག་གིས་ཉིན་དེར་འུད་ཤོབ་ཆེན་པོས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་པ་དེ་ནི་སྟེས་དབང་ཞིག་གཏན་ནས་མིན་པར་རྐང་བཙུགས་ནས་བྱས་པ་དང་རྐང་བཙུགས་ནས་འཁྲུག་རྐྱེན་བསླངས་པ་ཞིག་རེད། “རྒྱལ་བདེ་ལྷ་ཁང་ནང་གི་དམག་འཁྲུག་ལོ་རྒྱུས་བཤམས་སྟོན་ཁང‘དམག་འཁྲུག་དངོས་རྫས་བཤམས་སྟོན་ཁང’ནང་མུ་ཏིག་གྲུ་ཁའི་དོན་རྐྱེན་ནི་སྐབས་དེ་དུས་ཨ་རིས་རི་པིན་དམག་འཁྲུག་ནང་རྐང་བཙུགས་ནས་ཞུགས་སུ་བཅུག་པའི་གཡོ་ཇུས་ཤིག་ཡིན་པས་རི་པིན་འུ་ཐུག་ནས་རང་སྲུང་དམག་འཁྲུག་བསླངས་ཡོད་ཅེས་བཤད་ཡོད་པ་རེད། རི་པིན་གྱི་སྲིད་ཚོང་པས་དམིགས་བསལ་གྱི་ཉིན་མོ་དེ་ཀུན་གྱིས་མཐོང་བར་བྱས་ནས་རྒྱལ་བདེ་ལྷ་ཁང་ལ་ཕྱག་མཆོད་བྱས་པ་དེ་ཡང་སྙིང་གང་ཞིག་གི་ཆེད་དུ་ཡིན་ནམ”ཞེས་བརྗོད།

ཀྲའོ་ལི་ཅན་གྱིས་རྒྱལ་བདེ་ལྷ་ཁང་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་དམག་འཁྲུག་སློང་བའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་ཡིན་པ་དང་དེའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་ཉེས་ཅན་པ་14ཡི་དུར་བྱང་བཞག་ཡོད། རི་པིན་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་པ་དེ་ཐོག་ནས་རི་པིན་ཕྱོགས་ཀྱིས་རང་ངོས་ཀྱི་བཙན་འཛུལ་གྱི་ལོ་རྒྱུས་ལ་བསམ་གཞིག་མི་བྱེད་པའི་ནོར་འཁྲུལ་གྱི་རྣམ་འགྱུར་སླར་ཡང་མངོན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རི་པིན་ཕྱོགས་ཀྱིས་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་དམག་རྒྱལ་རིང་ལུགས་དང་དབྱེ་མཚམས་གསལ་པོ་ཕྱེ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།