《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་ལྔ་པའི་ཐོག

བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་པའི་ནན་བཤད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་སྐོར་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་ལྔ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ། ཕྱི་ཕྱོགས་སྒོ་དབྱེར་སྐུལ་སྤེལ་གཏིང་ཟབ་གཏོང་བ་བཅས་ལས་ཁྲིམས་སྐྱོང་གིས་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཀྱི་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་དེ་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་སྔར་བས་ལེགས་པ་གཏོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་མཐུན་ཞུས་ཤན་མིང་གིས་གནད་དོན་འདིར་དམིགས་ནས་འཆད་འགྲེལ་གནང་བ་མ་ཟད་ལས་དོན་གྱི་གྲོས་འགོའང་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པས་ཁོང་གི་འཆད་འགྲེལ་ནན་ཏན་ཉན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། ཁྲིམས་སྲུང་ལ་སྣེ་ཁྲིད་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་ལས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱིའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་རེད་ཅེས་གསལ་པོར་བཏོན་ཡོད། ང་ཚོས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་སྤྱིའི་དམ་འཛིན་བྱ་གཞིར་དམ་འཛིན་བྱས་ཏེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་། བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་དང་། ཁྲིམས་སྐྱོང་གི་ལག་བསྟར་མ་ལག ཁྲིམས་སྐྱོང་གི་ལྟ་སྐུལ་མ་ལག ཁྲིམས་སྐྱོང་གི་འགན་ལེན་མ་ལག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཟིན་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་གོང་མཐོར་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་ཚང་མས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པར་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ནས་བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་བསྟར་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་འདིར་སྟངས་འཛིན་ནན་པོ་བྱས་ཏེ། ཆབ་སྲིད་དང་ཁྲིམས་སྐྱོང་དང་། སྒྱུར་བཅོས་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་སྐྱོང་། དེ་བཞིན་ཁྲིམས་ལྟར་རྒྱལ་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་འགན་ལེན་སོགས་ཀྱི་གནད་དོན་གལ་ཆེན་ཐད་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ལྷག་པར་བརྟན་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ལ་སྲུང་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཐུབ་པ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་ཀྱི་བདེ་འཇགས། སྐྱེ་ཁམས་ཤེས་དཔལ། ཉེན་ཁ་འགོག་ཟོན་སོགས་གལ་ཆེའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དགོས་ངེས་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས། སྒྲིག་སྲོལ་ལྟར་ཏང་སྐྱོང་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཐོན་པའི་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཕན་ཚུན་གཞོགས་འདེགས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཁྲིམས་འཛུགས་སྤུས་ཚད་ཀྱི་འགག་རྩ་འདིར་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཛུགས་བཅོས་དོར་འགྲེལ་སྒྲིག་བཅས་སྤྱི་འདོམས་ཀྱིས་ཁྲིམས་འཛུགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། རིམ་ཁག་ཁྲིམས་འཛུགས་སྒྲིག་གཞི་དང་ལས་དོན་སྡེ་ཚན་གྱིས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ལ་བརྩི་སྲུང་དང་ཁྲིམས་འཛུགས་ཀྱི་དབང་ཚད་ནན་པོ་བསྲུངས་ནས་དབང་ཚད་ལས་བརྒལ་ནས་ཁྲིམས་འཛུཌ་དང་། བསྐྱར་ཟློས་ཁྲིམས་འཛུགས། ཁྲིམས་འཛུགས་གང་བྱུང་བྱེད་པ་བཅས་སྔོན་འགོག་ཏན་ཏིག་བྱས་ཏེ་སྡེ་ཚན་གྱི་ཁེ་ཕན་དང་ས་གནས་སྲུང་སྐྱོབ་རིང་ལུགས་ཀྱི་ཤུགས་རྐྱེན་བཀག་འགོག་ནུས་ལྡན་བྱེད་དགོས། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་དག་ངེས་པར་དུ་རྩད་གཅོད་ནན་པོ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་དར་ཆ་གསལ་སྟོན་ངང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་ངང་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་པ་ལས་འགན་དབང་ལ་བརྟེན་ནས་ཁྲིམས་འཛིན་དང་གྱོད་གཞིར་ཐེ་ཇུས་གཏན་ནས་བྱེད་མི་ཆོག

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་གཞག་དྲང་བདེན་གྱི་དམིགས་ཚད་འདི་ཚོར་ཐུབ་པ་བྱས་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དྲང་པོ་དྲང་གཞག་དང་། ནུས་ཆེ། དབང་གྲགས་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གང་མགྱོགས་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་བཅའ་ཁྲིམས་ཕྱི་རོལ་དུ་སྤྱད་འཐུས་ཆོག་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་རིག་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།(ཚེ་སྒྲོལ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)