《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།

མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ནི། མིའི་རིགས་སྤྱི་ཚོགས་ཀྱི་ཕུགས་འདུན་རླབས་པོ་ཆེ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་། མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ལ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་འཛིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལྷག་ཙམ་སོང་རིང་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་འདི་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགན་ཨང་དང་པོར་བརྩི་བ། དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་མི་དམངས་ཡོངས་ཀྱི་དབང་ཆ་མཐུན་སྦྱོར་དང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་ཧུར་ཐག མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་མི་དམངས་ཀྱི་གཞི་རྩའི་དབང་ཆ་ཁག་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དམིགས་ནས་གཏམ་བཤད་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་ཟབ་པ་བཅས་ཡོད་པས། ང་ཚོས་ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཀྲུང་གོའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ། དེ་བས་གཞུང་དྲང་དང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་གྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།

《རྣམ་བཤད་གནད་བསྡུས》དེ་ཆེད་དོན་9དང་རྣམ་བཤད་དུམ་བུ་335ལ་དབྱེ་ཡོད། 2012ལོའི་ཟླ་11ཚེས་15ཉིན་ནས་2021ལོའི་ཟླ་10ཚེས་30ཉིན་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་དང་། གསུང་བཤད། བཀའ་མོལ། གཏམ་བཤད། རྟེན་འབྲེལ་འཕྲིན་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་160ལྷག་ཙམ་ནས་གནད་བསྡུས་བྱས་ཤིང་། དེའི་ནང་ནས་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་རེད།