《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

གདམ་ག་མང་ཞིང་སྤྲོ་སྣང་ལྡན་པའི་ བོད་ཀྱི་ཡུལ་མིའི་འཚོ་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་བོད་ཀྱི་མི་སེར་གྱི་འཛད་སྤྱོད་རིམ་སྤོར་རྣམ་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་སྟེ། སྔོ་ཚལ་འཛད་སྤྱོད་མང་དུ་ཕྱིན་ནས་བཟའ་བཏུང་གྲུབ་ཆ་སྔར་བས་བདེ་ཐང་དུ་གྱུར་པ་དང་། སྨན་བཅོས་བདེ་སྲུང་དང་སློབ་གསོ་རིག་གནས་ཐད་ཀྱི་འགྲོ་སོང་གང་མགྱོགས་འཕར་བ། མི་སེར་གྱི་སྐྱིད་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཞིང་འབྲོག་མང་ཚོགས་རེའི་ཆ་སྙོམས་སྔོ་ཚལ་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་23དང་། གྱོན་ཆས་འཛད་སྤྱོད་བྱེད་ཚད་སྒོར་584 འགྲིམ་འགྲུལ་དང་འཕྲིན་གཏོང་ཐད་ཀྱི་འགྲོ་གྲོན་ལྡབ་1ཙམ། སྨན་བཅོས་བདེ་སྲུང་ཐད་ཀྱི་འགྲོ་གྲོན་160.9% སློབ་གསོ་རིག་གནས་དང་རོལ་རྩེད་ཐད་ཀྱི་འགྲོ་གྲོན་168%བཅས་འཕར་ཡོད་པ་རེད།

ལོ་79ལ་སླེབས་པའི་བསོད་ནམས་ནོར་བུ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གྲོང་མི་ཞིག་ཡིན་ཞིང་། སྔོན་ཆད་ཁོང་གི་ནང་མི་ཚང་མ་ས་གནས་དེ་གའི་དགོན་པ་ཞིག་གི་ཁྲལ་པ་རེད། “ཉིན་གང་ལས་ཀ་བྱས་ཀྱང་གླ་ཆ་ནས་ཏོག་ཙམ་ལས་མེད་པས་ཚང་མ་གྲོད་པ་རྒྱགས་ཀྱི་མེད”ཅེས་བསོད་ནམས་ནོར་བུས་བཤད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་ཕྱིན་ནས་བསོད་ནམས་ནོར་བུར་རང་ཉིད་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་རག་སྟེ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156དང་14598སོ་སོར་ཟིན་ནས་དུས་མཚུངས་ལས་10%དང་12.7%སོ་སོར་འཕར་ཡོད་པ་རེད།

རྒན་དར་དང་བསྡུར་ན། བོད་ཀྱི་གཞོན་ནུ་ཚོས་ལུས་སྦྱོང་དང་ཟོག་ཉོ་སོགས་ཀྱི་ཐད་དངུལ་མང་པོ་གཏོང་གི་ཡོད། ལོ་25ལ་སླེབས་པའི་ལྷ་སའི་གྲོང་མི་མགོན་པོ་ནི་ལུས་སྦྱོང་ལ་དགའ་པོ་བྱེད་མཁན་ཞིག་རེད། ཁོང་གིས“ངས་སློབ་ཆེན་ལོ་རིམ་གཉིས་པ་ནས་བཟུང་ལུས་སྦྱོང་བྱེད་འགོ་ཚུགས་པ་ཡིན། ང་ལུས་སྦྱོང་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད” “ནམ་རྒྱུན་ལས་ཀ་བྲེལ་བ་ཇི་ལྟར་ཆེ་ཡང་ངས་དུས་ཚོད་བཀོད་སྒྲིག་བྱས་ཏེ་ལུས་སྦྱོང་བྱེད་ཀྱི་ཡོད”ཅེས་བཤད། མགོན་པོ་2018ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་རྗེས་ལྷ་སའི་གསོ་རིག་སྨན་རྫས་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་རེད།

གཞན་ཡང་། སྟབས་བདེ་བའི་འགྲིམ་འགྲུལ་དང་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཕྱིན་པས་བོད་ཀྱི་ཡུལ་མིའི་འཛད་སྤྱོད་གོམས་གཤིས་ལ་ཡང་འགྱུར་ལྡོག་བྱུང་སྟེ་མི་རྣམས་དྲ་ཐོག་ཟོག་ཉོ་ལ་དགའ་པོ་བྱེད་ཀྱི་ཡོད་པ་རེད། ལོ་23ལ་སླེབས་པའི་ལྷ་སའི་གྲོང་མི་ཉི་མ་ཕན་ཐོགས་ཀྱིས། “རང་ཉིད་ནི་དྲ་ཐོག་ཟོག་ཉོ་ལ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་ལ། དྲ་ཐོག་ཏུ་ཚོང་ཟོག་སྣ་ཁ་མང་བའི་ཁར་ད་ཆ་མྱུར་སྐྱེལ་ཟོག་འགྲེམས་ཀྱང་ཧ་ཅང་མགྱོགས་པོ་ཡོད་པས་ངས་གྱོན་ཆས་དང་། བྱུག་རྫས། ལག་ཐོགས་ཁ་པར་སོགས་ཚང་མ་དྲ་ཐོག་ནས་ཉོ་གི་ཡོད”ཅེས་བཤད།

“ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་མི་ཚོའི་འཛད་སྤྱོད་གྲུབ་ཆ་ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བཞིན་པ་འདིའི་ཐོག་ནས་བོད་ཀྱི་ཡུལ་མི་ཚོའི་ཡོང་འབབ་ཆུ་ཚད་མཐོ་རུ་ཕྱིན་ནས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་བ་མཚོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་བཤད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)