《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

ས་ནག་ཐང་བཅོས་སྐྱོང་བྱས་ནས་རྩྭ་ཐང་སྐྱེ་ཁམས་ལེགས་སུ་བཏང་བ།

མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་སྨིན་ཐང་རྩྭ་ཐང་དུ་སྐྱོད་སྐབས་རྩྭ་ར་ཡོངས་སུ་གོས་ལྗང་བཀླུབས་འགོ་ཚུགས་ཤིང་། མི་རིང་བར་དེ་གར་རྩྭ་ཁ་བཟང་ཞིང་མེ་ཏོག་རྣམ་པར་བཞད་ནས་ནོར་ལུག་ཁྱུ་དང་ཁྱུ་ཅི་དགར་རོལ་ངེས་རེད།

འོན་ཀྱང་། ལོ་འགའི་སྔོན་ལ་འདི་གར་ནི་ལྟ་བར་མི་བཟོད་པའི་ས་ནག་ཐང་འབའ་ཞིག་རེད།

“ཕྱུགས་འཚོས་དྲགས་པས་ས་ནག་ཐང་ནི་བ་གླང་གི་ཀོ་བ་དང་འདྲ་བར། རྩྭ་ཧ་ལམ་སྐྱེ་གི་མེད་ལ་ཕྱུགས་རྩྭའི་སྤུས་ཚད་མངོན་གསལ་དོད་པོས་ཇེ་ཞན་དུ་སོང་། ནོར་ལུག་ཤ་ཤེད་རྒྱས་མེད་ཚེ་བཙོངས་ཀྱང་རིན་གོང་ཡག་པོ་རག་གི་མེད། དེར་བརྟེན་འབྲོག་པ་ཚོས་གསོ་ཚགས་བྱེད་ཚད་མང་དུ་བཏང་ནས་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད་པས། རྩྭ་ཐང་གི་ཁོར་ཡུག་ཇེ་ཞན་དུ་ཕྱིན”ཞེས་སྨིན་ཐང་ཤང་སྒོ་ནང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་དཀར་གྱིས་བཤད།

དེ་ལྟར་པད་དཀར་དང་ཡུལ་མི་ཚོས་ཚ་ཚ་འུར་འུར་ངང་ས་ཐང་བཅོས་སྐྱོང་བྱེད་འགོ་ཚུགས་ཤིང་། ཁོང་ཚོས་ཕྱོགས་གཅིག་ནས་འཕྲུལ་ཆས་ལ་བརྟེན་ཏེ་ཕྱུགས་རྩྭ་བཏབ་པ་དང་ཕྱུགས་རྩྭའི་སོན་ལེགས་བཅོས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཕྱུགས་བཀག་རྩྭ་གསོ་སོགས་བྱ་ཐབས་སྣ་མང་སྤྱད་དེ་རྩྭ་ཐང་སྲུང་སྐྱོང་བྱས་ཡོད། མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་པའི་དཔེ་ལྟར། ད་ཆ་གཅིག་སྒྲིལ་རྫོང་དུ་རྩྭ་ཆུ་འཛོམས་པ་མ་ཟད། གྲོང་ཚོས་གྲོང་ཚོར་རོགས་རམ་བྱེད་པ་དང་དུད་ཚང་གིས་དུད་ཚང་ལ་རོགས་རམ་བྱེད་པའི་རྩྭ་ཐང་བཅོས་སྐྱོང་བྱེད་སྟངས་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་ས་ནག་ཐང་སྤྱི་ཆིང་ཁྲི་1.3ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་སྤྱི་ཆིང་9.4ཡི་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་དང་ཚོད་འཛིན་བྱས་ཡོད།

སྐྱེ་ཁམས་བཟང་པོ་ལས་ལམ་བུ་གསར་པ་རྙེད། 2016ལོར་གཅིག་སྒྲིལ་རྫོང་གི་རྩྭ་ར་མུའུ་ཁྲི་736.4དང་འབྲི་གཡག་དང་ལུག་མགོ་གྲངས་ཁྲི་25ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་ཐོབ་པ་དང་། 2019ལོར་འབྲིའི་འོ་མ་ཏུན་500ལ་སྐྱེ་ལྡན་འོ་ཁུངས་ཀྱི་ཁས་ལེན་ཐོབ་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་གྱི་མངགས་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད། “ལོ་ལྟར་འབྲི་གཡག་གཅིག་སྡུད་ཐོག་བཤས་གཏོང་གི་ཡོད་པས་ཆེད་མངགས་འཚོང་བར་འགྲོ་མི་དགོས་པར་རྫོང་གི་སྣེ་འདྲེན་ཁེ་ལས་ཀྱིས་སྒོ་རྩར་ཉོ་བར་ཡོང་གི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ལ། འབྲི་གཡག་རེར་སྒོར་1000མང་བ་རག་གི་འདུག”ཅེས་པད་དཀར་གྱིས་བཤད།

གཅིག་སྒྲིལ་རྫོང་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སླར་གསོར་ཤུགས་སྣོན་བརྒྱབ་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་ལས་འགན་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་ལས་འགན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པ་དང་མདོ་ལ་རིང་མོ་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭ་གཙོ་བོར་སྐུལ་འདེད་ཤུགས་ཆེན་བཏང་བས། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་7.5%དང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་57.4%བར་མཐོ་རུ་ཕྱིན་ཡོད།

ཁོར་ཡུག་མཛེས་སུ་དང་འཚོ་བ་ལེགས་སུ་ཕྱིན་པ་དང་བསྟུན་ནས། སྐྱེ་ཁམས་འབྲོག་ལས་ཀྱང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཤོས་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་སུ་གྱུར་ཡོད། “གོམ་སྟབས་རྗེས་མར། མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་སྤྱི་འདོམས་བྱས་ཏེ། སྤུས་འབོར་གལ་ཆེ་མཉམ་འཇོག་དང་སྤུས་ཚད་སྔོན་འཇོག་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པ་དང་། སྐྱེ་ཁམས། གྲོན་ཆུང་བསྲི་ཚགས་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་སྤེལ་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བས་བཤད།

(སྐལ་མཆོག་གིས་བསྒྱུར། པ་སངས་ཀྱིས་ཞུས)