《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁུང་ཞོན་ཡིའུ་ཡིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཆའོ་པིན་ཧྲེང་ཙི་དང་ཐུག་འཕྲད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁུང་ཞོན་ཡིའུ་ཡིས་ཉེ་ཆར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཆའོ་པིན་ཧྲེང་ཙི་དང་ཐུག་འཕྲད་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་པ་དང་ཆབས་ཅིག་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་པ་བདེ་བླག་དང་བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐུག་འཕྲད་དེ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་སྤྱི་ཁྱབ་པུའུ་རུ་བྱས་པ་དང་། ཁུང་ཞོན་ཡིའུ་ཡིས་ཐུག་འཕྲད་བྱེད་སྐབས་ཀྲུང་རི་ཕྱོགས་གཉིས་ཀྱིས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། ཨོ་ལིམ་ཕིག་ཁྱིམ་གཞིས་ཆེ་མོའི་ཁོངས་མི་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་ནས་རི་པིན་ཕྱོགས་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ་དང་མུ་མཐུད་ནུས་པས་གང་ལྕོགས་ཀྱིས་གཞོགས་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལུས་རྩལ་འཐུས་མི་ཚོགས་པ་སྟོབས་ཆེན་མངགས་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་པས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་པ་བདེ་བླག་དང་བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཁུང་ཞོན་ཡིའུ་ཡིས་ད་དུང་ཆའོ་པིན་ཧྲེང་ཙིར་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་གདེང་འཇོག་ཡག་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།