《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་བརྗོད་དོན།

རིམས་འགོག་སྨན་ཁབ་རྒྱག་སྐབས་རང་མོས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཧྲའོ་ཐེ།

ཉེ་ཆར། ས་ཆ་ཁག་གཅིག་གིས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་མ་བརྒྱབ་ཚེ་ཕྱིར་སྐྱོད་མི་ཆོག་པ་དང་། ཚོང་རར་འཛུལ་མི་ཆོག་པ། ཁྲོམ་འདོན་མི་ཆོག་པ། སྨན་ཁང་དུ་ཡོང་མི་ཆོག་པ་བཅས་དང་དེ་བཞིན་རིམས་འགོག་སྨན་ཁབ་བརྒྱབ་མེད་པའི་གཞུང་ལས་མི་སྣར་གླ་ཆ་སྤྲོད་མཚམས་འཇོག་པ་སོགས་ཀྱི་བརྡ་ཐོ་བཏང་བས། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ནས་རང་ངོས་སྲུང་སྐྱོང་བྱེད་པའི་སྔོན་འགོག་བྱ་སྤྱོད་དེ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་ཡོད། དོན་དངོས་ཐོག་བྱེད་ཐབས་དེ་རིགས་འཚམ་པོ་ཡེ་ནས་མེད།

གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་ནི“གནས་ཚུལ་ཤེས་པ་དང་། མོས་མཐུན་ཡོད་པ། རང་མོས་ཡིན་པ”བཅས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། རང་རྒྱལ་དུ་ཏོག་གསར་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དུས་མཚམས་སུ་སླེབས་རྗེས་རྒྱལ་ནང་གི་ས་ཆ་མང་ཆེ་བར་སྔ་རྗེས་སུ་ས་ཆ་དེ་རང་ནས་རིམས་ནད་འགོས་པའི་གནས་ཚུལ་ཐོན་ཡོད། འགོས་ནད་རིགས་པས་ཁུངས་འདེད་བརྟག་ཞིབ་བྱས་རྗེས་ནད་ཡམས་དེ་དག་ནི་མངའ་ཁོངས་ཕྱི་ནས་འགོས་པ་དང་འབྲེལ་བ་ཡོད་པ་ཤེས་པས། རང་རྒྱལ་དུ་མིག་སྔར་འཕྲད་པའི་ཉེན་ཁ་ནི་སྔར་བཞིན་མངའ་ཁོངས་ཕྱི་ནས་འགོས་པ་ཡིན་པ་གསལ་བཤད་ཐུབ་པ་དང་། རང་རྒྱལ་ལ་སྔར་བཞིན“རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དུས་མཚམས་སུ་གནས་ཡོད། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡིན་པའི་རིམས་འགོག་སྨན་ཁབ་ཐོན་རྗེས། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་ཚང་མས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག ད་ཡོད་ཀྱི་སྤྱི་པའི་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ་དང་། དེ་བཞིན་མི་སྒེར་གྱི་འགོག་སྲུང་འདུ་ཤེས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་དགོས། ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ནི་རིམས་ནད་འགོ་བ་དང་མཆེད་རྒྱུར་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ནད་ཚབས་ལྕི་བའི་ནད་དཔེ་དང་འཆི་བའི་ནད་དཔེ་ཐོན་ཚད་ཉུང་དུ་གཏོང་ཐུབ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང་ཏོག་གསར་ནད་དུག་གི་གློ་ཚད་ཀྱི“ཁ་པའི་རིགས་ཀ་པས་དོ་དམ་བྱེད་པའི”འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལོ་ཚད་ལ་སླེབས་པ་དང་མ་འཕྲོད་པ་མེད་པའི་མི་ཚོགས་ལ་སྨན་ཁབ་རྒྱག་དགོས་རིགས་ཚང་མར་རྒྱག་དགོས། ས་ཁུལ་ཁག་གཅིག་ཏུ་ཏོག་གསར་ནད་དུག་གི་སྨན་ཁབ་བརྒྱབ་མེད་པའི་ཚོགས་སྤྱིར་ཚད་བཀག་བཟོ་བའི་བརྡ་ཐོ་བཏང་བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་དོ་སྣང་བྱུང་བ་མ་ཟད། དུས་ཐོག་ཏུ་མཛུབ་ཁྲིད་དང་ཚད་ལྡན་བཟོས་ཡོད་པ་རེད།

(བསྟན་བློས་བསྒྱུར། མཚམས་གཅོད་ཀྱིས་ཞུས)