《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

མི་ཚེ་གང་པོར་བྱེ་འགོག་ལས་ལ་འབད། མི་རབས་གསུམ་གྱིས་དབུལ་སྒྲོལ་ལས་ལ་གཞོལ།

—— གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་བཀྲ་ཤིས་ཀྱི་བྱེ་འགོག་བྱེ་བཅོས་སྐོར་བཀོད་པ།

དབྱར་གཞུང་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ས་གྲུ་བཞི་ཤང་སྔོ་ཐིང་ངེར་གནས་ཤིང་། ལོ་56ལ་སླེབས་པའི་ཟོར་རྒྱ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་བཀྲ་ཤིས་དོར་མ་བརྫེས་ཏེ་གྲོང་གསེབ་ཀྱི་ལམ་ཆུང་ཐོག་སྐྱོད་བཞིན་མཆིས། ལམ་གྱི་ངོགས་གཉིས་སུ་ཀྲོང་ངེར་གནས་པའི་སྦྱར་པས་ཁེངས་ཤིང་། གྲོང་ཚོའི་རི་ལྡེབས་སུ་བཏབ་པའི་ཤུག་པ་ཡང་སྔོ་སིལ་སིལ་དུ་གྱུར་ཡོད་པས་ཁོང་གི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།

ས་གྲུ་བཞི་ཤང་ད་ཆ་མཛེས་ལྗོངས་འདི་ལྟ་བུར་གྱུར་པ་སུ་ཞིག་གི་སེམས་ལའང་འཁོར་མྱོང་མེད། དེ་སྔ་ས་ཆ་འདི་ནི་བྱེ་རླུང་གིས་གཙེས་པའི་ཐང་རྒོད་ཅིག་རེད། གང་སར་བྱེ་རླུང་དྲག་པོ་ལྡང་གི་ཡོད་པས་བྱེ་མས་དུས་དང་རྣམ་པ་ཀུན་ཏུ་མི་རྣམས་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད། 1956ལོར་ས་གྲུ་བཞི་ཤང་བྱེ་ཐང་ཅན་དུ་གྱུར་པའི་ས་ཁྱོན་90.28%ཟིན།

“དྲག་རླུང་ལྡང་རྗེས་རང་ཡུལ་བྱེ་མས་བསྒྲིབས། སྔ་དྲོའི་གཞིས་ཀ་ཕྱི་དྲོ་བྱེ་མས་ཁེངས”ཞེས་གྲོང་ཚོའི་རྒན་རབས་པ་ཚོས་དེ་ལྟར་བརྗོད་ཀྱི་ཡོད་ལ། དེས་ཀྱང་བཀྲ་ཤིས་ལ་ཆུང་དུས་ནས་བག་ཆགས་ཟབ་མོ་བཞག་ཡོད། “ཟླ་བ་གཅིག་ནས་ཟླ་ཕྱེད་ཙམ་བྱེ་རླུང་གནམ་འཐིབས་ས་འཐིབས་ལྡང་གི་ཡོད་ལ། སྐབས་རེར་ཁྱིམ་གྱི་སྒོ་ཡང་བྱེ་མས་བཀག་ནས་ཕྱིར་དོན་ཐུབ་ཀྱི་མེད”

བཀྲ་ཤིས་ཀྱི་ཕ་རྟ་མགྲིན་སྐྱབས་བྱེ་འགོག་བྱེ་བཅོས་ལས་དོན་ནང་ཧུར་ཐག་ཞུགས་ནས་ཁྱིམ་མིའི་སྣེ་ཁྲིད་དེ་སྡོང་ཕྲུག་འཛུགས་ཀྱི་ཡོད་ཅིང་། སྡོང་ཕྲུག་ཉོ་བའི་མ་དངུལ་མེད་པས་རྟ་མགྲིན་སྐྱབས་ཀྱིས་ཚང་མའི་སྣེ་ཁྲིད་དེ་བཅད་ཟིན་པའི་སྦྱར་པའི་ཡལ་ག་ཐང་རྒོད་དུ་འཛུགས་ཀྱི་ཡོད། བཀྲ་ཤིས་ཀྱིས་པ་ཕས་དུས་རྒྱུན་དུ“ཕྱིན་ཆད་ངེས་པར་དུ་ཤིང་སྡོང་མང་པོ་དང་ཡག་པོ་འཛུགས་དགོས། དེ་ནི་ང་ཚོའི་རྒྱུ་ནོར་རྩ་ཆེ་ཤོས་དེ་རེད”ཅེས་ཤོད་པ་མང་པོ་གོ་མྱོང་།

“ཕྱུག་པོ་ཆགས་འདོད་ན་སྔོན་ལ་ཤིང་འཛུགས་དགོས”དེ་ནི་ཕ་རྟ་མགྲིན་སྐྱབས་ཀྱིས་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་ཞིག་ཡིན་པ་མ་ཟད། ཕ་མེས་ཡང་མེས་ཚོ་ནས་རྒྱུན་འཛིན་བྱས་པའི་ཁྱིམ་ཚང་གི་བསླབ་བྱ་ཞིག་དེ་བས་ཀྱང་རེད། པ་ཕའི་ཤུགས་རྐྱེན་འོག་བཀྲ་ཤིས་ཀྱང་ཤིང་འཛུགས་སྔོ་འགྱུར་ལས་ལ་ཧུར་ཐག་ཞུགས། 2006ལོར་ཟོར་རྒྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་རྗེས་བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་བཀྲ་ཤིས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་པས་ཁོང་གིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཤིང་སྡོང་བཙུགས་ནས་བྱེ་འགོག་བྱེ་བཅོས་ལས་ལ་གཞོལ།

“དེ་དུས་དཀའ་ངལ་ཆེ་ཤོས་ནི་མ་དངུལ་ཁ་ཐང་བ་དེ་རེད”མ་དངུལ་གྱི་གནད་དོན་ཐག་གཅོད་བྱ་ཆེད། 2010ལོར་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་མིང་ཐོག་ནས་སྒོར་ཁྲི་15གཡར་ནས་ཤིང་འཛུགས་ནགས་བཟོར་སྤྱད།

བཀྲ་ཤིས་དང་གྲོང་མི་རྣམས་ཀྱི་འབད་བརྩོན་འོག་གྲོང་ཚོའི་སྔོ་འགྱུར་ཇེ་ལེགས་སུ་སོང་བ་མ་ཟད། ཡུལ་མི་རྣམས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་འབྲུ་རིགས་མུའུ་རེའི་ཐོན་འབབ་དེ་སྔའི་སྤྱི་རྒྱ་100མ་ཟིན་པ་ནས་སྤྱི་རྒྱ་300བར་འཕར་ཡོད་པ་རེད།

2018ལོར་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་མཚམས་བཞག་རྗེས་བཀྲ་ཤིས་ཀྱིས་སྔར་བཞིན་སྔོ་འགྱུར་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། ཁོང་གིས་གྲོང་ཚོའི་རྒན་རྒོན་དང་། བུད་མེད། བྱིས་པ་བཅས་སྒྲིག་འཛུགས་བྱས་ཏེ་ཤིང་སྡོང་འཛུགས་ཐུབ་ཚེ་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་མ་ཟད། གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་གཏོང་ཐུབ་པ་ཤེས།

2020ལོའི་ཟླ་4པར་ཀྲུང་གོ་ཞི་བདེ་རྒྱ་མཚོ་འགན་བཅོལ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་རྣམ་གྲངས་ས་གྲུ་བཞི་ཤང་དུ་ལག་བསྟར་བྱས་ཤིང་། བཀྲ་ཤིས་རང་འགུལ་ངང་མཚོ་ལྷོ་ཀྲོའུ་ནགས་ཚལ་རྩྭ་ཐང་ཅུས་སུ་སོང་ནས་གྲོང་མི་ཚོ་འགོག་སྲུང་ཤིང་ནགས་འདེབས་འཛུགས་ལ་ཞུགས་རྒྱུའི་རེ་ཞུ་བྱས་པ་རེད། ཁོང་གི་ཤུགས་རྐྱེན་དང་སྐུལ་ཁྲིད་འོག་ཟོར་རྒྱ་གྲོང་ཚོ་དང་ཉེ་འགྲམ་གྲོང་ཚོ་ཁ་ཤས་ཀྱི་མི་40ལྷག་ཙམ་གྱིས་མིང་ཐོ་བཀོད་པ་དང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་13ཚུད་ཡོད་པ་རེད།

“སྤྱི་ཕན་འགོག་སྲུང་ཤིང་ནགས་འདེབས་འཛུགས་ནང་ཞུགས་པའི་གྲོང་མི་རེར་ཉིན་རེར་སྒོར་140རག་གི་ཡོད་པ་དེ་ཕྱི་རོལ་དུ་གླ་པ་རྒྱུག་པ་ལས་ཀྱང་མང་བ་ཡོད། དུད་ཚང་8ཀྱི་གྲོང་མི་སྤྱི་ཕན་འགོག་སྲུང་ཤིང་ནགས་རྣམ་གྲངས་ནང་ཞུགས་པས་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད”ཅེས་ཁོང་གིས་བཤད།

བཀྲ་ཤིས་ཀྱིས་ཚབ་བྱས་པའི་བྱེ་བཅོས་པ་མི་རབས་མང་པོའི་འབད་བརྩོན་འོག 2020ལོར་ས་གྲུ་བཞི་ས་ཁུལ་གྱི་བྱེ་ཐང་ཅན་གྱི་ས་ཆའི་རྒྱ་ཁྱོན་12.3%བར་ཆག་ཡོད་པ་རེད།

“བྱེ་བཅོས་ནགས་བཟོ་ནི་ང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ལས་དོན་ཞིག་རེད། ངས་སྤོ་བོ་དང་པ་ཕས་བཏབ་པའི་ཤིང་སྡོང་ཡག་པོ་སྲུང་བ་དང་ཆབས་ཅིག བུ་རབས་ཚ་རྒྱུད་ལའང་སྔོ་ཞིང་དྭངས་བའི་རི་ཆུ་ཞིག་གཏོད་རྒྱུ་ཡིན”ཞེས་བཀྲ་ཤིས་ཀྱི་བུ་བསྟན་འཛིན་ཉི་མས་བཤད། བཀྲ་ཤིས་ཀྱི་སྐུལ་མ་དང་རྒྱབ་སྐྱོར་འོག་བསྟན་འཛིན་ཉི་མས་2020ལོར་མཚོ་ལྷོ་ཀྲོའུ་ནགས་ར་སྐྱེད་ཚལ་ཚད་ཡོད་ཀུང་སི་བཙུགས་ནས་གྲོང་མིས་ཤིང་འདེབས་ནགས་སྲུང་གི་རྣམ་གྲངས་འགན་གཙང་ལེན་པར་སྣེ་ཁྲིད་བྱེད་ཀྱི་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་14ཉིན་འབྱོར་པའི་གློག་འཕྲིན་གཞིར་བཟུང་།