《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་རིམས་འགོག་མཉམ་ལས་ལ་བསྔགས་བརྗོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཆིན་གྱིས་ཧྥི་ལི་ཕིན་དང་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང“མཉམ་ལས་དམ་ཟབ་བྱས་ཡོད”ཅེས་བརྗོད་པ་རེད།

ལུའོ་ཆིན་དེ་ཉིན་རིམས་འགོག་ཉམས་མྱོང་དྲ་ཐོག་ཏུ་མཉམ་སྤྱོད་བྱེད་པའི་ཚོགས་འདུ་ཞིག་ལ་ཞུགས་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས། དགོས་ངེས་ཀྱི་སྨན་བཅོས་དངོས་ཟོག་མཁོ་འདོན་དང་ཏོག་གསར་རིམས་འགོག་སྨན་ཁབ་སྤྲད་པ་ཚུད་པའི་ཀྲུང་གོས་ཧྥི་ལི་ཕིན་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཀྲུང་གོས་ཧྥི་ལི་ཕིན་ལ་རིམས་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ནས་ཧྥི་ལི་ཕིན་གྱི་སྨན་དོན་མི་སྣ་དང་འབྲེལ་ཡོད་ཉམས་མྱོང་མཉམ་སྤྱོད་བྱས་ཡོད་པས། ཧྥི་ལི་ཕིན་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ཧྥི་ལི་ཕིན་སྲིད་གཞུང་གི་སྤྱི་ཁྱབ་མཐུན་སྦྱོར་བ་གཞོན་པ་ཝུན་སི·ཏི་སུང་གིས། ཀྲུང་གོས་རྒྱུན་མཐུད་ངང་ཧྥི་ལི་ཕིན་ལ་ཏོག་གསར་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞེས་བརྗོད་པ་རེད།

ཟླ་3ཚེས་1ཉིན། ཧྥི་ལི་ཕིན་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ད་ལྟ་ཀྲུང་གོའི་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་ཚུད་པའི་རིམས་འགོག་སྨན་ཁབ་མང་པོ་གང་མགྱོགས་སྤྱོད་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)