《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཕྱི་འབྲེལ་པུས་བསྟན་དོན།

རྒྱལ་ཁབ་90ལྷག་ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས་དྲང་བདེན་གྱི་འབོད་སྒྲ་བསྒྲགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། མིག་སྔའི་བར་རྒྱལ་ཁབ་90ལྷག་ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་47པའི་ཐོག་དྲང་བདེན་གྱི་འབོད་སྒྲ་བསྒྲགས་ཤིང་། ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་རེད། ཆབ་སྲིད་ཀྱི་ཀུན་སློང་དམིགས་ཡུལ་དུ་བཟུང་བ་དང་ཆ་འཕྲིན་རྫུན་མར་བརྟེན་ནས་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱས་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་47པ་ཚེས་14ཉིན་གྲོལ་བ་རེད། དེ་གོང་མགྲིན་ཚབ་པས་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུའི་ཐུན་མོང་གི་གཏམ་བཤད་ལ་མཉམ་འབྲེལ་མིང་རྟགས་བཀོད་ཡོད་ཅེས་ངོ་སྤྲོད་གནང་མྱོང་ཡོད། མཉམ་འབྲེལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ལ་འཕེལ་རིམ་གསར་པ་གང་ཡོད་དམ་ཞེས་དྲིས་པར།

“ཉེ་ཆར་མཛའ་གྲོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་47པའི་ཐོག་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུའི་གཏམ་བཤད་ལ་ནི་ཀྲེ་རི་ཡས་མཉམ་འབྲེལ་མིང་རྟགས་བཀོད་ཡོད། ང་ཚོས་ནི་ཀྲེ་རི་ཡ་ཕྱོགས་དྲང་བདེན་གྱི་གྲས་སུ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན” ཀྲའོ་ལི་ཅན་གྱིས་མིག་སྔའི་བར་མཉམ་འབྲེལ་མིང་རྟགས་འགོད་མཁན་རྒྱལ་ཁབ་68བར་མང་དུ་ཕྱིན་པའི་ཁར། ལོགས་སུ་གཏམ་བཤད་དང་མཉམ་འབྲེལ་འཕྲིན་ཡིག་སྤྲིངས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་བསྣན་ན། རྒྱལ་ཁབ་90ལྷག་ཙམ་གྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་དྲང་བདེན་གྱི་འབོད་སྒྲ་བསྒྲགས་ཡོད། ཁོང་ཚོས་ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་ཀྱིས་ཐེ་ཇུས་བྱེད་མི་རུང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་ཚད་གཞི་ཉིས་བརྩེགས་འཛིན་པར་ངོ་རྒོལ་བྱ་རྒྱུ་དང་། ཆབ་སྲིད་ཀྱི་ཀུན་སློང་དམིགས་ཡུལ་དུ་བཟུང་བ་དང་ཆ་འཕྲིན་རྫུན་མར་བརྟེན་ནས་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱས་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།

ཀྲའོ་ལི་ཅན་གྱིས་དོན་དངོས་རྩོད་ཐབས་བྲལ། རྫུན་བཤད་ན་ཉིན་གཅིག་རྫུན་རྐུབ་བརྡོལ་ངེས་རེད། ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་དར་རྟགས་འཕྱར་ཏེ། ཆབ་སྲིད་ཀྱི་རྫུན་གཏམ་ཤོད་པ་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་རང་སྣང་གང་ཤར་གྱིས་ཐེ་ཇུས་བྱེད་པའི་བྱེད་སྤྱོད་དེ་མིའི་བློ་ལ་མ་བབས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་ལ་མུ་མཐུད་ངོ་རྒོལ་ཡང་བྱ་རྒྱུ་རེད། སྐབས་འདིའི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་གནས་པའི་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་དང་། “རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས” གནས་སྤོས་ཡུལ་མི་བཀག་ཉར་ལྟེ་གནས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པ། དམག་དོན་གྱི་ཐེ་ཇུས་བྱེད་སྤྱོད། ཕྱོགས་རྐྱང་པའི་བཙན་ཤེད་བྱེད་ཐབས་སོགས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ལུགས་མཚོན་པར་བྱས་ཡོད་ཅེས་བརྗོད་པ་རེད།

“ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་གྱི་འབོད་སྒྲ་ནན་ཏན་ངང་ཉན་པ་དང‘འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན་དཔོན་རོགས’ཀྱི་རྨི་ལམ་སྐྱིད་པོ་ཁོ་ན་བཏང་ནས་མི་སྡོད་པར། བྱེད་ཐབས་ནུས་ལྡན་སྤྱད་དེ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་ཐག་གཅོད་བྱས་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་རྩ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱ་བ་དངོས་འགའ་ཞིག་བསྒྲུབ་རྒྱུའི་ཁ་ཏ་བསླབ་བྱ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)