《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཕྱི་འབྲེལ་པུས་བསྟན་དོན།

ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་རིམས་འགོག་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕ་ཕུ་ཡ་ཀུ་ནེ་ཡར་ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པའི་སྐོར་ལ། ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩི་བའི་དམ་བཅའ་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ས་ཁུལ་ཁག་ཏུ་ལག་བསྟར་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་རིམས་འགོག་མཉམ་ལས་གཏིང་ཟབ་བྱས་ནས་མཐར་གླིང་ཕྲན་རྒྱལ་ཁབ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད།

ཀྲའོ་ལི་ཅན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས། ཟླ་7ཚེས་13ཉིན། ཕ་ཕུ་ཡ་ཀུ་ནེ་ཡར་ཕ་ཕུ་ཡ་ཀུ་ནེ་ཡའི་དམངས་ཚོགས་ལ་ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དངོས་སུ་རྒྱག་འགོ་ཚུགས་པའི་ནང་ཕ་ཕུ་ཡ་ཀུ་ནེ་ཡའི་འཕྲོད་བསྟེན་པུའུ་ཀྲང་དང་ནགས་ལས་པུའུ་ཀྲང་སོགས་ཞུགས་ཡོད་པ་མ་ཟད། ནགས་ལས་པུའུ་ཀྲང་དང་དེ་བཞིན་ཕ་ཕུ་ཡ་ཀུ་ནེ་ཡ་སྲིད་གཞུང་གི་དཔོན་རིགས་མང་པོས་སྨན་ཁབ་གཟེད་ཡོད་ཅེས་བརྗོད། ཕ་ཕུ་ཡ་ཀུ་ནེ་ཡ་ཕྱོགས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ཆེན་པོ་ལྡན་པའི་ར་སྤྲོད་གང་ལེགས་བྱུང་བས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུ་ནེ་ཡའི་དམངས་ཚོགས་ལ་ཏོག་དབྱིབས་ནད་དུག་གསར་པ་འགོག་པའི་གདམ་ག་གསར་པ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།

ཀྲའོ་ལི་ཅན་གྱིས། ཕ་ཕུ་ཡ་ཀུ་ནེ་ཡ་ནི་སུའོ་ལུའོ་མོན་གླིང་ཚོམ་དང་ཝ་ནུའུ་ཨ་ཐུའུ་རྗེས་ཀྱི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་རྒྱག་མཁན་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་གསུམ་པ་དེ་རེད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རིམས་འགོག་སྨན་ཁབ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩི་བའི་དམ་བཅའ་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་གྱི་ས་ཁུལ་ཁག་ཏུ་ལག་བསྟར་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད་ལ། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱང་རེད།

“ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་རིམས་འགོག་མཉམ་ལས་གཏིང་ཟབ་བྱས་ཏེ། རིམས་འགོག་སྨན་ཁབ་མཁོ་བའི་གླིང་ཕྲན་རྒྱལ་ཁབ་ལ་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱས་ནས་མཐར་གླིང་ཕྲན་རྒྱལ་ཁབ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་བྱེད་འདོད་ཡོད”ཅེས་ཁོང་གིས་བརྗོད།