《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

རྨ་ཆུ་རྒྱུག་ཁུལ་དུ“གད་སྙིགས་གཙང་སེལ་གྱི་ བྱ་སྤྱོད”སྤེལ་འགོ་ཚུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། རྨ་ཆུ་རྒྱུག་ཁུལ་གྱི་སྲ་གཟུགས་སྙིགས་རོ་ཁྲིམས་འགལ་ངང་སྤོ་སྒྱུར་དང་གཤོ་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱ་ཆེད། སྐྱེ་ཁམས་ཁོར་ཡུག་པུས་རྨ་ཆུ་རྒྱུག་ཁུལ་གྱི་སྲ་གཟུགས་སྙིགས་རོ་གཤོ་ཚུལ་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི“གད་སྙིགས་གཙང་སེལ་གྱི་བྱ་སྤྱོད”ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག འདི་ལོ་ནས་བཟུང་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་རྨ་ཆུ་རྒྱུག་ཁུལ་གྱི“གད་སྙིཌ་གཙང་སེལ་གྱི་བྱ་སྤྱོད”ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེའི་ནང་2021ལོར་ནང་སོག་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན་5ཡི་རྨ་ཆུའི་ཆུ་གཞུང་རྒྱུད་དང་། ཝུའེ་ཧོ་ཆུ་བོའི་ཀན་སུའུ་དུམ་བུའི་རྒྱུད། ཙོང་ཆུའི་རྒྱུད་བཅས་ལ་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དང་ཁྱབ་རྒྱ་སྤྱི་ལེ་ངོས་གྲུ་74872ཟིན་རྒྱུ་དང་། 2022ལོར་ཧྲའན་ཤིས་དང་། ཧྲན་ཤིས། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་བཞིའི་རྨ་ཆུའི་ཆུ་གཞུང་རྒྱུད་དང་། ཝུའེ་ཧོ་ཆུ་བོའི་ཧྲའན་ཤིས་དུམ་བུའི་རྒྱུད། ཧྥེན་ཧོ་ཆུ་བོའི་ཧྲན་ཤིས་དུམ་བུའི་རྒྱུད་དང་ཧྲི་ཁྲོན་ཆུ་བོའི་རྒྱུད་བཅས་ལ་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དང་ཁྱབ་རྒྱ་སྤྱི་ལེ་ངོས་གྲུ་56875ཟིན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ཚུན་སྐྱེ་ཁམས་ཁོར་ཡུག་པུས་ལོ་3བསྟུད་མར་འབྲི་ཆུའི་དཔལ་འབྱོར་ཁུལ་དུ“གད་སྙིགས་གཙང་སེལ་གྱི་བྱ་སྤྱོད”སྒྲིག་འཛུགས་ཀྱིས་སྤེལ་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྲ་གཟུགས་སྙིགས་རོ་གཤོ་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་ཡོད། “གད་སྙིགས་གཙང་སེལ་གྱི་བྱ་སྤྱོད”ཀྱིས་རྒྱང་ཚོར་ལག་རྩལ་དེ་ལག་རྩལ་གྱི་བྱ་ཐབས་གཙོ་བོར་བརྩིས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་11གི་ས་ཁུལ་རིམ་པའི་གྲོང་ཁྱེར་129ཡི་སྤྱི་ལེ་ངོས་གྲུ་ཁྲི་103ཙམ་ལ་གྲལ་བཤེར་བྱས་པ་དང་། ཚིགས་གནས་9839ལ་གྲལ་བཤེར་བྱས་པ། ཚིགས་གནས་3252ལ་གནད་དོན་ཡོད་པ་གཏན་འཁེལ་བྱས་ཡོད། མིག་སྔའི་བར་3221བཅོས་སྒྲིག་བྱས་པ་དང་། བཅོས་སྒྲིག་ཐུབ་ཚད་99%ཟིན་པ། རིགས་ཁག་གི་སྲ་གཟུགས་སྙིགས་རོ་ཏུན་ཁྲི་5676.1གཙང་སེལ་བྱས་པ། སྔོ་ལྗང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་99.4མང་དུ་བཏང་ཡོད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)