《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ ནས་རྩད་ཆོད་པའི་གནད་དོན་དག་ཐེར་ལས་དོན་བཀོད་སྒྲིག་གནང་བ། གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་ མ་སྐྱེལ་བའི་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས་ཞིང་ པའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་ལས་དོན་བཀོད་སྒྲིག་གནང་བ་དང་། གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་2020ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་། ནོར་སྲིད་གཏོང་སྒོ་གཞན་དག གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ལ་རྩིས་བཤེར་བྱས་པའི་འབྲས་བུ་ཉེ་དུས་ཁྱབ་བསྒྲགས་བྱས་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་པ་སྟེ། གཅིག་ནས་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་ལ་འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་དུས་ཚོད་དམ་འཛིན་གྱིས་དག་ཐེར་གྱི་རྩིས་ཁྲ་བཟོ་བ་དང་། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། དག་ཐེར་གནད་ལ་འཁེལ་བ་བཅས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དག་ཐེར་བྱས་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གཙོ་བོའི་ནང་བཅུག་ནས་རྗེས་སྙེག་ལྟ་སྐུལ་སྒྲུབ་གཉེར་ལ་ཤུགས་སྣོན་བརྒྱབ་སྟེ་དག་ཐེར་བྱེད་རིང་སྐུལ་འདེད་ནུས་ལྡན་མི་གཏོང་བ་དང་། སྐབས་འཕྲལ་ཁུངས་འཁྱོལ་ཙམ་བྱེད་པ། མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། དག་ཐེར་བྱས་འབྲས་འདི་ལོའི་ཟླ་10པའི་ཟླ་མཇུག་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། གཉིས་ནས་གཙོ་གནད་དམ་འཛིན་བྱས་ནས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱེད་དགོས། རྩིས་བཤེར་བྱེད་རིང་སྒྲིག་འགལ་ངང་སྤོམ་ཆེ་བའི་དངོས་ཟོག་འབོར་ཆེན་ལྐོག་ཚོང་དང་ཁྲལ་སྐུང་ཁྲལ་གཡོལ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་བ་དང་། གནད་དོན་དེ་དག་གིས་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཟང་ཟིང་བཟོས་པ་དང་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་ཁྲལ་བསྡུའི་རྨང་གཞིར་གནོད་འཚེ་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཚན་པ་གང་ཞིག་དང་རིམ་པ་གང་ཞིག་དང་འབྲེལ་བ་ཡོད་རུང་རྩད་གཅོད་མཐར་ཕྱིན་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་དགོས་རིགས་ལ་ཆད་པ་གཅོད་དགོས་པ་དང་། ཐག་གཅོད་བྱེད་དགོས་རིགས་ལ་ཐག་གཅོད་བྱེད་པ། འཛིན་བཟུང་བྱེད་དགོས་རིགས་འཛིན་བཟུང་བྱེད་དགོས་པ་ལས། བཟོད་སྒོམ་གཏན་ནས་བྱེད་མི་རུང་ལ་སྙིང་རྗེ་གཏན་ནས་བྱེད་མི་རུང་། རྐང་བཙུགས་ནས་ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས། དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་ངང་དམར་འདོན་བྱེད་དགོས། གསུམ་ནས་གཅིག་ཤེས་ཀུན་གྲོལ་ལྟར་དམིགས་ས་ཡོད་པའི་སྒོ་ནས་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོ་བཅོས་རྒྱག་དགོས་རིགས་གང་མགྱོགས་བཟོ་བཅོས་བརྒྱབ་སྟེ། ལམ་ལུགས་ལག་བསྟར་དང་། རྩིས་བཤེར། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་ལག་མཉམ་བཅོས་ཐུབ་པར་བྱེད་དགོས། བཞི་ནས་སྲིད་གཞུང་གིས་བཟའ་མཁས་འཐུང་མཁས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་དགོས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དེང་སྐབས་ནོར་སྲིད་ཀྱི་དུས་བབ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང“གཞུང་གྲོན་རིགས་གསུམ”ཉུང་འཕྲི་བྱ་རྒྱུར་ལྷོད་གཡེང་གཏོང་མི་རུང་བར་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ། སྒྲིག་སྲོལ་ལས་འགལ་ནས་སྲིད་འཛིན་འཁོར་སྐྱོད་ཀྱི་མ་གནས་མཐོ་རུ་གཏོང་མི་ཆོག ལྔ་ནས་གཏན་འཁེལ་བྱས་པའི་ཁྲལ་རིན་གཉིས་གཅོག་དང་། ལས་གནས་བརྟན་གཏོང་དང་ལས་ཞུགས་རྒྱ་ཆེར་གཏོང་བ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་གཏོང་བ་སོགས་ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྒན་གསོ་དང་། སློབ་གསོ། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་ལས་བདག་གིར་བཟུང་བ་དང་གཞན་སྤྱོད་གཏན་ནས་བྱེད་མི་རུང་། སྤྱི་པའི་མ་དངུལ་དང་སྤྱི་པའི་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཏེ་མི་དམངས་ལ་འགན་འཁུར་དགོས།

ཚོགས་འདུའི་ཐོག གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་སྐྱེལ་བ་དང་འཛད་རྫས་གྲོང་གསེབ་ཏུ་སྐྱེལ་རྒྱུར་སྔར་བས་སྟབས་བདེ་བསྐྲུན་རྒྱུ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། གྲོང་གསེབ་ཀྱི་ནང་མཁོའི་མངོན་མེད་སྟོབས་ཤུགས་འདོན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། གཅིག་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “དྲ་སྦྲེལ+”ལ་བརྟེན་ནས་གྲོང་ཁྱེར་གྱི་ཁྲོམ་ར་དང་། ཟོག་འགྲེམས་ཁེ་ལས། ཞིང་དུད་ཀྱི་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་དབར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ཅན་གྱི་ཞིང་ལས་ཐོན་རྫས་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཞབས་ཞུ་དང་གྲང་ཕྲེང་མཛོད་ཉར་ལས་སྣོན་སྒྲིག་བཀོད་འཕེལ་རྒྱས་གཏོང་བ། ཞིང་ལས་ཐོན་རྫས་བྲིན་ཚོང་ལ་རམ་འདེགས་བྱེད་པ། ལྷག་པར་དུ་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས“མྱུར་སྐྱེལ་བསྐུར་མ་གྲོང་ཚོར་འབྱོར་བར”རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་དགོས། ཤར་རྒྱུད་དང་དབུས་རྒྱུད་ཀྱི་གྲོང་གསེབ་ཁུལ་དུ་སྦྲག་ཐོག་བསྐུར་མ་སྐྱེལ་བའི་སྦྲག་སྲིད་ཀྱི་མཐའ་སྣེའི་རྨང་གཞིའི་རང་བཞིན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་མྱུར་སྐྱེལ་དང་མཁོ་སྤྲོད་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། “མྱུར་སྐྱེལ་བསྐུར་མ་གྲོང་ཚོར་འབྱོར་བའི”ཁྱབ་ཚད་རྒྱ་ཆེར་གཏོང་དགོས། གསུམ་ནས་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ལུགས་དང་མི་མཐུན་པ་དང་དགོས་མེད་ཀྱི་ཚོད་འཛིན་མེད་པར་བཟོས་ནས། གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མ་མྱུར་སྐྱེལ་གྱི་མཐའ་སྣེའི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱེད་པ་དང་། གྲོང་ཚོའི་ནང་གི་ད་ཡོད་སྒྲིག་བཀོད་སྤྱོད་རྒྱུར་ཁྲིད་སྟོན་བྱེད་པ། གྲོང་ཚོ་རིམ་པའི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བཅས་བྱས་ཏེ། གྲོང་གསེབ་ཀྱི་མཐའ་སྣེའི་སྦྲག་ཐོག་བསྐུར་མ་སྐྱེལ་བའི་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་དགོས། སྦྲག་ཐོག་བསྐུར་མ་སྐྱེལ་བའི་ཟོག་འགྲེམས་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(རིག་རྡོར་གྱིས་བསྒྱུར། པད་ཆོས་དང་རིག་རྡོར་གྱིས་ཞུས)