《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月08日

“བོད་སྐྱོར་སྟོབས་ཤུགས”ལ་བརྟེན་ནས་བོད་ཀྱི་མི་སེར་ལ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རོགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་འཚམས་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་བར། བོད་ཀྱི་མང་ཚོགས་ཀྱི་ལས་ཞུགས་གདམ་ག་ཇེ་མང་དུ་གྱུར་པའི་ཁྲོད་དུ“བོད་སྐྱོར་སྟོབས་ཤུགས”ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལ་ཁ་གཏད་རོགས་སྐྱོར་ཤུགས་ཆེར་གཏོང་བའི་དབུལ་སྐྱོར་ལས་དོན་ཚོགས་འདུ་ལོ་ལྔ་བསྟུད་མར་བོད་ལ་འཚོགས་པ་དང་། རིམ་རྩིས་བྱས་ན་རྣམ་གྲངས་247ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར་350བཏང་སྟེ་ཞིང་ཆེན་སྒྲོལ་བའི་ལས་ཞུགས་མི་ཁྲི་1.2ལྷག་བཀོད་སྒྲིག་བྱས་པ་ལས་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་1500ལྷག་ཙམ་དང་ཞིང་པ་ལས་མི་ཁྲི་1ལྷག་ཙམ་བསྡུས་ཡོད། 2020ལོའི་ཟླ་བདུན་པར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ས་མདོ་ཤང་གི་བློ་བཟང་དཔལ་ལྡན་ལས་མིར་བསྡུས་པ་དང་། ད་ཆ་ས་གཤིས་ལྟ་སྐུལ་གྱི་ལས་གནས་སུ་དངོས་སྦྱོང་བྱེད་བཞིན་ཡོད་པ་རེད།

“ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ང་ཚོར་ལས་ཀ་བྱེད་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལགས་ཤེ་ན། ངས་སློབ་ཆེན་ནང་སྦྱངས་པའི་ཆེད་ལས་དང་ད་ཆའི་ལས་ཀ་གཉིས་ག་བརྒྱབ་པས་ངའི་བྱ་གཞག་གི་ཕུགས་འདུན་གྲུབ་སོང”ཞེས་བློ་བཟང་དཔལ་ལྡན་གྱིས་བཤད་པ་དང་། ཁོང་གིས“ཉེ་ཆར་ངས་དངོས་གཞིར་སྒྱུར་བའི་རྒྱུགས་སྤྲོད་གྲ་སྒྲིག་བྱེད་བཞིན་ཡོད། ལོ་གཅིག་ཙམ་ལས་ཀ་བྱེད་རིང་ཤེས་བྱ་མང་པོ་ཤེས་བྱུང་ལ་ལས་ཀའི་ཐོབ་ཆའང་ཡག་པོ་རག་བྱུང”ཞེས་བཤད།

བློ་བཟང་དཔལ་ལྡན་གྱིས་ཟླ་བ་རེར་སྒོར་ཁྲི་1ལྷག་ཙམ་ཡོད་པ་ལས་གསོག་དགོས་པ་ཕུད། སློབ་གྲྭ་འགྲིམ་བཞིན་པའི་གཅུང་མོའི་འཚོ་བའི་འགྲོ་གྲོན་ལ་གཏོང་གི་ཡོད། སྐབས་རེ་ཁྱིམ་དུ་ཞིང་ལས་བྱེད་པའི་ཕ་མ་གཉིས་ལ་འཚོ་བའི་ཁ་སྣོན་ཡང་ཕྲན་ཙམ་སྐུར་གྱི་ཡོད་ཅེས་ངོ་སྤྲོད་བྱས།

ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་བྱེད་པ་ཧྥུའུ་ཞའོ་ཡུས་ཀྱིས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིའི་དམིགས་འཛུགས་རོགས་སྐྱོར་བྱ་ཡུལ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ལ་ལས་ཞུགས་བོད་སྐྱོར་བྱེད་པ་དེ་བོད་སྐྱོར་ལས་དོན་སྒྲུབ་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་ཆེན་སློབ་མ་དང་ཞིང་པ་ལས་མི་སོགས་མི་མང་པོ་བསྡུས་ཏེ་ལས་ཞུགས་གཙོ་བོར་བཞག་ནས“ཐབས་དང་ཇུས་བཏོན”ཏེ་ས་མཐོའི་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད་ཅེས་བཤད།

གཞན་ཡང་། ཤེས་ལྡན་པར་ལས་ཞུགས་རོགས་སྐྱོར་གནད་སྨིན་ཡོང་བ་བྱ་ཆེད། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་དང་བོད་ལྗོངས་སློབ་ཆེན་མཉམ་ལས་བྱས་ནས“བར་སྟོང་སྦྲེལ་མཐུད”ཀྱི་ལས་ཞུགས་བོད་སྐྱོར་གྱི“ཚོགས་སྒྲིག་རྣམ་པའི”ལས་མི་བསྡུ་བའི་ལས་དོན་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། འཛིན་བདག ཟུར་ཁྲིད་པ་བཅས་སྐུལ་སློང་གིས་ལས་ཞུགས་སྲིད་ཇུས་གསེད་བཀྲོལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མ་ཚོར་རང་ཉིད་ལ་འཚམ་པའི་ལས་གནས་འདེམས་རོགས་བྱས་ཤིང་། 2020ལོའི་སློབ་ཐོན་སྐབས་བོད་ལྗོངས་སློབ་ཆེན་གྱི་སློབ་མ་81གིས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་པ་རེད།

བསྡོམས་རྩིས་ལ་གཞིགས་ཚེ། 2020ལོའི་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་བོད་རང་སྐྱོང་ལྗོངས་ནས་སློབ་གྲྭ་ཆེན་མོ་བ་115བསྡུས་པ་མ་ཟད། ཞིང་པ་ལས་མི་མང་པོར་ཚོགས་སྒྲིག་རྣམ་པའི་ངལ་ནུས་གན་རྒྱ་བཞག་ཡོད། ལས་གཏོད་ལས་ཞུགས་ཞབས་ཞུའི་ལས་སྟེགས་བཏོད་པར་བརྟེན་ནས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ས་གནས་ཀྱི་ཞིང་འབྲོག་པ་400ལྷག་ཙམ་ཕ་ཡུལ་དང་རང་ས་ནས་ཁ་འབྲལ་མི་དགོས་པར“སྒོ་རྩར་ལས་ཞུགས”ཐུབ་རོགས་བྱས་ཡོད།

“བོད་སྐྱོར་གྱི་སྟོབས་ཤུགས”ཀྱིས་འབད་པ་ལྷོད་མེད་བྱས་པ་དེས་རྒྱ་ཆེའི་ས་མཐོའི་མང་ཚོགས་མང་པོ་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་ཡོད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2012ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དབར་མཉམ་ལས་བྱས་ཏེ་ལས་ཞུགས་བོད་སྐྱོར་གྱི་བྱ་ཐབས་བཏོན་ནས་ས་མཐོའི་མང་ཚོགས་ལ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཞིང་། གྲངས་གཞི་ལས། སྲིད་ཇུས་དེ་ལག་ལེན་བསྟར་བ་ནས་བཟུང་། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སློབ་ཆེན་སློབ་ཐོན་སློབ་མར་ལོར་ཆ་སྙོམས་ལས་གནས་ཁྲི་1ལྷག་ཙམ་མཁོ་འདོན་བྱས་པ་མངོན་ཡོད་ཅེས་ངོ་སྤྲོད་བྱས།

(པ་སངས་ཚེ་རིང་གིས་བསྒྱུར། དམ་ཆོས་མི་ཕམ་དང་པ་ཚེས་ཞུས)