《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月08日

2021ལོའི་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་གསལ། “ལོ་རྒྱུས་རྒྱུན་འཛིན་དང་བརྗིད་ཆེའི་ལེའུ་མུ་མཐུད་རྩོམ”པ་བརྗོད་དོན་གཙོ་བོར་བྱས་པའི་2021ལོའི་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་ཉིན་ཤས་གོང་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་ནི་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་གཙོ་གཉེར་བྱས་ཏེ་བརྙན་ལམ་ནས་འཚོགས་པ་དང་། གཙོ་རྒྱུན་གྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་མང་པོ་ནས་དུས་གཅིག་ཏུ་ཐད་གཏོང་བྱས་པ་མ་ཟད། བརྙན་ཤེལ་ཆེན་པོ་ནས་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་གྲོང་དུ་བསྟན་པ་རེད།

ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཝང་ཆུན་དང་། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལི་ཡུང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་ཀེ་ལོའུ་ཤིས། མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ན་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ཏན་ཉི་སི། གསར་འགྱུར་པུའི་ཀྲུའུ་རེན་ནེ་ཤིས་ཨེར་ཅི། དེ་བཞིན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་70ཙམ་གྱི་འཐུས་མི་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱིས“སྤྲིན་ཚོམ”གྱི་རྣམ་པར་བརྟེན་ནས་གླུ་གཞས་དང་། ཁྲང་ཞི། གཞས་མ་གཏམ། རྩལ་རྩེད། མི་རིགས་ཀྱི་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལྟད་མོ་འཁྲབ་སྟོན་བྱས་པ་རེད། སྐུ་མགྲོན་ཚོས་འཁྲབ་སྟོན་ལྟད་མོ་ཧ་ཅང་ཆེན་པོ་འདུག ཧ་ཅང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ཧང་སངས་དགོས་པ་ཞིག་འདུག་ལ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཡང་ངོའི་ཟླ་ལྟར་འཕེལ་བའི་རྣམ་པར་ཡིད་སྨོན་སྐྱེ་བ་ཞིག་ཀྱང་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་ཚེས་9ཉིན་བར་སྤེལ་རྒྱུ་དང་། དེའི་རིང་གནའ་བོའི་ཕོ་བྲང་དང་། ཏུན་ཧོང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲགས་ཅན་ཁྲང་ཞི་འཁྲབ་མཁན་གྱི་ཁྲང་ཞི་སོགས་ཀྱི་བརྗོད་དོན་གཙོ་བོའི་རིག་གནས་འཁྲབ་སྟོན་བྱས་ཏེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོར་བརྟེན་ནས་ཀྲུང་ཧྭའི་རིག་གནས་ཀྱི་བརྗིད་ཆེའི་ལེའུ་མངོན་པར་བྱ་རྒྱུ་རེད།

རྒྱ་ཡིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་སྐད་ཡིག་དྲུག་གི་གྲས་ཤིག་རེད། 2010ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་བརྒྱུད་སྤེལ་པུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཡིག་ཉིན་མོའི་བྱེད་སྒོ་སྤེལ་བའི་ཁྱབ་བསྒྲགས་བྱས་ནས། སྐད་རིགས་སྣ་མང་བེད་སྤྱོད་དང་རིག་གནས་ཀྱི་སྣ་མང་རང་བཞིན་ལ་རྟེན་འབྲེལ་ཞུ་བ་དང་གཞུང་ཕྱོགས་སྐད་ཡིག་དྲུག་མཉམ་འབྲེལ་རྒྱལ་ཚོགས་སུ་འདྲ་མཉམ་ངང་སྤྱོད་པར་སྐུལ་འདེད་བཏང་བ་རེད།

(རིག་རྡོར་གྱིས་བསྒྱུར། པད་ཆོས་དང་རིག་རྡོར་གྱིས་ཞུས)