《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月08日

སི་རི་ལན་ཁར་ཀྲུང་གོའི་ཁེ་ལས་ཀྱི་ཆུ་མཁོ་འདོན་རྣམ་གྲངས་ཆེ་ཤོས་ཀྱིས་དམངས་འཚོར་ཕན་བཏགས་པ།

འདི་ནི་ཟླ་3ཚེས་5ཉིན་སི་རི་ལན་ཁའི་ཁང་ཐི་ནས་པར་བླངས་པའི་ཁང་ཐིའི་བྱང་རྒྱུད་ཀྱི་ཕྱོགས་བསྡུས་ཆུ་མཁོ་འདོན་ལས་གྲྭའི་རྣམ་གྲངས་ཀྱི་ཨར་པོ་རྒྱག་ཡུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་གློག་འཕྲིན་འབྱོར་གསལ། ཏོག་གསར་རིམས་ནད་ཀྱིས་སི་རི་ལན་ཁའི་ཁེ་ལས་མང་པོ་ཞིག་གི་ཨར་སྐྲུན་ལ་འགལ་རྐྱེན་བཟོས་ཀྱང་། ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་ཁུར་བའི་སི་རི་ལན་ཁའི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཁང་ཐིའི་བྱང་རྒྱུད་ཀྱི་ཕྱོགས་བསྡུས་ཆུ་མཁོ་འདོན་ལས་གྲྭའི་རྣམ་གྲངས་སྐོར་བཅར་འདྲི་བྱེད་སྐབས། རྣམ་གྲངས་དེའི་ཨར་པོའི་མྱུར་ཚད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་མེད་པ་མ་ཟད་ས་གནས་དེ་གར་ལས་ཞུགས་ལས་གནས་སྟོང་ཕྲག་ཁ་ཤས་མཁོ་འདོན་བྱས་ཡོད་པ་ཤེས་རྟོགས་བྱུང་བ་རེད།

2019ལོའི་ཟླ་9པར་ཁང་ཐིའི་ཆུ་མཁོ་འདོན་རྣམ་གྲངས་སྐྲུན་འགོ་ཚུགས་སྐབས། སྐབས་དེའི་སི་རི་ལན་ཁའི་ཙུང་ལི་ཝུའེ་ཁོ་ལེ་མ་ཤིན་ཧས་ལས་འགོ་ཚུགས་པའི་མཛད་སྒོར་ཁང་ཐིའི་ཆུ་མཁོ་འདོན་རྣམ་གྲངས་ནི་སི་རི་ལན་ཁར་ད་བར་མདོང་ལམ་ཁྱབ་རྒྱ་ཆེ་ཤོས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་མཁོ་འདོན་རྣམ་གྲངས་ཤིག་ཡིན་ཞིང་། རྣམ་གྲངས་དེ་ལེགས་གྲུབ་བྱུང་རྗེས་སྔོན་དཔག་བྱས་ན་མི་ཁྲི་བཅུ་ཕྲག་གི་འཚོ་བའི་ཆུའི་དགོས་མཁོ་སྐོང་ཐུབ་སྲིད་ཅེས་བརྗོད་པ་རེད།

ཆུ་མཁོ་འདོན་རྣམ་གྲངས་དེ་ཁང་ཐིའི་བྱང་རྒྱུད་ཀྱི་སྲིད་འཛིན་ས་ཁོངས་དྲུག་ཏུ་ཁྱབ་པ་དང་ཨར་སྐྲུན་གྱི་ཁྱབ་ཁོངས་ལ་སྤྱི་ལེ་སྨི་ངོས་གྲུ་318ཙམ་ཟིན་ཡོད་པ་རེད། ཨར་སྐྲུན་ནང་ཆུ་མཁོ་འདོན་དང་ཆུ་སྙོམས་སྒྲིག་གི་མདོང་ལམ་འདིང་དགོས་པ་མ་ཟད། ད་དུང་རྫིང་བུ་བཅུ་ཕྲག་དང་ཆུ་འཐེན་ས་ཚིགས་ཀྱི་ཨར་སྐྲུན། དེ་བཞིན་འཕྲུལ་གློག་སྒྲིག་སྦྱོར་དང་། ཆུ་གཙང་གསིང་བཟོ་གྲྭའི་ཆུ་དྭངས་མའི་རྫིང་བུ། དྭངས་གསིང་མ་ལག ཁྱེར་ཟག་བྱེ་འདམ་སྐམ་འགྱུར་རྫིང་བུ་སོགས་ཀྱི་ལེགས་གྲུབ་ཀྱང་ཚུད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཨར་སྐྲུན་ལས་ཡུལ་དུ་མིག་སྔར་ས་གནས་དེ་གའི་ལས་མི་1300ཙམ་ཡོད་ཅིང་། སྔོན་དཔག་བྱས་ན་ལས་ཀ་མང་བའི་སྐབས་ལས་མི་2000ལས་བརྒལ་ཏེ་རིམས་ནད་ཀྱིས་བཟོས་པའི་ས་གནས་དེ་གའི་ལས་ཞུགས་ཀྱི་གནོན་ཤུགས་ཅུང་ཞི་ལྷོད་དུ་ཕྱིན་ཡོད།

“ལོ་གཅིག་རིང་ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་སེམས་ཁུར་དང་ལྟ་རྟོག་བྱས་པར་ཐུགས་རྗེ་ཆེ་ཞུ། ང་ལ་འདི་གར་ལས་ཀ་རག་པ་མ་ཟད། ངའི་བུ་མོ་ཡང་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་དངོས་སྦྱོང་བྱེད་ཀྱི་ཡོད”ཉིན་ཤས་གོང་རྣམ་གྲངས་ཚད་འཇལ་གྱི་འགན་འཁུར་མཁན་ཉི་སྨི་ཉི་ཆེད་མངགས་རྣམ་གྲངས་གཞུང་ལས་ཁང་དུ་བསྐྱོད་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

“ཉི་སྨི་ཉི་ནི་དེ་སྔ་ཚད་འཇལ་ཐིག་རིས་ཅུས་ཀྱི་ཚད་འཇལ་བཟོ་བཀོད་པ་ཡིན་པར་བསམ་གཞིག་བྱས་ནས་ང་ཚོས་ཁོ་མོ་ཚད་འཇལ་མཁན་ལ་བསྡུ་བའི་ཐག་བཅད་པ་དང་ཆབས་ཅིག་ཁོང་གི་ཁྱིམ་དུ་བེད་མེད་དུ་བཞག་པའི་ཕི་ཁ་རླངས་འཁོར་ཡང་མཉམ་དུ་གླས་ནས་རྣམ་གྲངས་ཀྱི་འགྲིམ་འགྲུལ་ཡོ་བྱད་བྱས་པ་ཡིན”ད་ལོ་ཉི་སྨི་ཉི་ཡི་བུ་མོ་སློབ་ཆེན་ཐོན་རྗེས་ཁེ་ལས་ཀྱིས་ཁོ་མོར་དངོས་སྦྱོང་གི་གོ་སྐབས་སྤྲད་ཡོད་ཅེས་རྣམ་གྲངས་པུའི་སྲིད་འཛིན་ཅིང་ལི་ལིའུ་ཤིན་གྱིས་གསར་འགོད་པར་བཤད།

ཀྲུང་གོའི་ཁེ་ལས་ཀྱིས་ལས་མིར་གཅེས་སྐྱོང་བྱས་པ་ལས་ས་གནས་དེ་གའི་ཅུང་བརྟན་པའི་ལས་མིའི་དཔུང་ཁག་འགན་ལེན་ཐུབ་ཡོད་པ་མ་ཟད། རྣམ་གྲངས་ཀྱང་ད་བར་བདེ་བླག་ངང་སྤེལ་ཐུབ་ཡོད།

ཁང་ཐིའི་བྱང་རྒྱུད་ཀྱི་ཕྱོགས་བསྡུས་ཆུ་མཁོ་འདོན་རྣམ་གྲངས་ནི་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་དངུལ་བུན་གྱི་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞིང་། ཀྲུང་སིའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་རེད། རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ཁང་ཐིའི་མི་འབོར་ཁྲི་45ལ་དྭངས་གཙང་གི་འཚོ་བའི་ཆུ་མཁོ་འདོན་ཐུབ་སྟེ་ས་གནས་དེ་གའི་ཆུའི་དཀའ་གནད་ཐག་གཅོད་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁོར་ཡུག་ལེགས་སུ་འགྲོ་སྲིད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)