《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月20日

སློབ་ཆུང་འདིས་རྒྱང་གྲིབ་སྔོན་འགོག་བྱ་ཆེད“ལུས་རྩལ་གྱི་ཐབས་མཆོག”བཏོན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའུ་ཤན་ཐིང་དང་། ཁྲེན་དབྱི་ཧྥན། ལེ་ཅཱ་ཤིང་།

རེས་གཟའ་མིག་དམར་གྱི་སློབ་ཚན་གྲོལ་རྗེས་ཀྱི་ཆུ་ཚོད་གཅིག་དང་ཕྱེད་ཀ་ནི་ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་རུང་ཧུའུ་སློབ་ཆུང་གི་ཚོགས་པའི་བྱེད་སྒོའི་དུས་ཚོད་ཡིན་ཞིང་། ཚོགས་པ་20ལྷག་ཙམ་གྱིས་ལཱ་ཏིང་ཞབས་བྲོ་དང་། ཐའེ་ཆོན་དྲག་རྩལ། རྐང་རྩེད་སྤོ་ལོ། ཝང་ཆིའུ་སྤོ་ལོ། ལན་ཆིའུ་སྤོ་ལོ། གྲི་རྩེད་སོགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་གྱི་ཡོད་ལ། སློབ་མ་ཚོས་སོ་སོའི་དགོས་མཁོ་ལྟར་དགའ་པོ་ཡོད་པའི་ཚོགས་པ་བདམས་ནས་ལུས་རྩལ་སྦྱོང་བརྡར་ལ་ཞུགས་ཀྱི་ཡོད།

དེ་ནི་རུང་ཧུའུ་སློབ་ཆུང་གིས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་དང་སློབ་གྲྭའི་ལུས་རྩལ་ལས་དོན་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཕྲུ་གུ་ཚོ་ལུས་རྩལ་སྦྱོང་བརྡར་ལ་ཧུར་ཐག་ཞུགས་པ་བརྒྱུད་ལུས་རྩལ་བྱེད་སྒོའི་ཁྲོད་ཀྱི་སྤྲོ་སྣང་ལོངས་སྤྱོད་ཐུབ་པ་དང་། གཟུཌ་གཞི་ཐང་དུ་གཏོང་བ། སྙིང་སྟོབས་འཕེལ་བ་བྱ་ཆེད་རེད།

ཉེ་བའི་ལོ་ཤས་རིང་། སློབ་གྲྭའི་ནང་མིག་ཤེལ་རྒྱག་མཁན་ཇེ་མང་དུ་སོང་ཡོད་པས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་དེ་དགེ་རྒན་དང་ཁྱིམ་བདག་ཚོའི་སེམས་ནད་ཆེན་པོ་ཞིག་ཏུ་གྱུར་ཡོད། ཉེ་ཆར། སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་གནས་ཚུལ་བརྟག་དཔྱད་བྱས་འབྲས་ལས་མངོན་པར། 2020ལོར་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་སྤྱི་ཡོངས་ལ་རྒྱང་གྲིབ་ནད་ཕོག་ཚད་དེ་ལོ་གོང་མའི་50.2%ལས་ཅུང་འཕར་བ་དང་རྒྱང་གྲིབ་ཕོག་མཁན་ལོ་ན་ཆུང་དུ་འགྲོ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད། མིག་ཤེལ་རྒྱག་མཁན་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་སྟེ། རིགས་གཅིག་མཁས་ཅན་གྱིས་རྒྱུ་རྐྱེན་གཙོ་བོ་ནི་ཕྱི་རོལ་གྱི་འགུལ་སྐྱོད་དང་ལུས་རྩལ་སྦྱོང་བརྡར་མི་འདང་བས་རེད་ཅེས་བརྗོད།

བྱིས་པ་ཚོས་དངོས་སུ་སྦྱོང་བརྡར་བྱས་ཏེ་མིག་ཤེལ་རྒྱག་པ་སོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཆེད། རུང་ཧུའུ་སློབ་ཆུང་གིས་ཚོགས་མི་ཡོངས་ཞུགས་པའི་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་བཞི་འཚོག་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག འཛིན་གྲྭ་ཕན་ཚུན་འགྲོ་རེས་ཀྱི་བྱེད་ཐབས་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པའི་ཚོགས་པའི་བྱེད་སྒོ་སྤེལ་ནས་ལུས་རྩལ་ལ་བཅངས་པའི་ཕྲུ་གུ་ཚོའི་དགའ་མོས་དང་དགའ་ཞེན་གྱི་སེམས་པ་གསོ་སྐྱོང་དང་། རྐང་རྩེད་སྤོ་ལོ་དང་གྲི་རྩེད་སོགས་ཀྱི་སྤྲོ་སྐྱིད་ཁང་དང་ཞབས་བྲོ་ལྟེ་གནས་སོགས་བཙུགས་ནས་ཕྲུ་གུ་ཚོར་ཆེད་ལས་ཀྱི་མཛུབ་ཁྲིད་བྱས་ཏེ་ཕྲུ་གུ་ཚང་མ་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་བ་བྱས་ཡོད།

ལོ་རིམ་དྲུག་པའི་སློབ་མ་ཡུས་པོ་དབྱང་ནི་ལུས་རྩལ་པ་ཞིག་ཡིན་ཞིང་། ཁོང་ཕིང་ཕང་སྤོ་ལོ་དང་མཆོང་རྒྱུག་འཕེན་གསུམ་སོགས་ཀྱི་ལུས་རྩལ་ལ་དགའ་པོ་ཡོད་པ་མ་ཟད། ད་དུང་ལན་ཆིའུ་སྤོ་ལོའི་ཚོགས་པར་ཡང་ཞུགས་ཡོད། ཡུས་པོ་དབྱང་གིས། “སློབ་ཁང་དུ་དུས་ཡུན་རིང་པོ་གློག་ཀླད་ལ་ལྟ་དགོས་སྟབས་མིག་ཧ་ཅང་དཀའ་ལས་ཁག་པོ་འདུག ལུས་རྩལ་བྱེད་སྒོས་མིག་ལ་ངལ་གསོ་ཐེབས་སྲིད་པས་ཕན་ཐོགས་ཡོད། རང་ཉིད་ཀྱི་བྲེལ་འཚུབ་ཀྱི་སེམས་ཁམས་ཞི་ལྷོད་དུ་འོས་འཚམ་བཏང་ཚེ་གཞི་ནས་སློབ་སྦྱོང་དེ་བས་ལེགས་པ་བྱེད་ཐུབ། སྤོ་ལོ་ལེན་པ་དང་། འཁྲིད་པ། སྒོ་ནང་བླུགས་པ་སོགས་ལན་ཆིའུ་སྤོ་ལོ་དེ་གཞུ་ཐིག་མཛེས་པོ་ཞིག་གི་ཐོག་ནས་དྲ་བར་འཛུལ་སྐབས་སློབ་ཁང་ནང་གི་སུན་སྣང་དང་དཀའ་ངལ་རེ་ཞིག་མེད་པར་གྱུར་སྲིད”ཅེས་བཤད།

ལུས་རྩལ་དགེ་རྒན་ཤེ་ཁུན་གྱིས“ལན་ཆིའུ་སྤོ་ལོའི་ཚོགས་པ་ནི་སློབ་གྲྭའི་ནང་དགའ་བསུ་ཆེན་པོ་ཐོབ་པའི་ཚོགས་པའི་གྲས་ཤིག་རེད། སྤོ་ལོའི་རིགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་སྐབས་མིག་གིས་སྤོ་ལོ་སྒུལ་སའི་ཕྱོགས་སུ་ཟམ་མི་ཆད་པར་ལྟ་དགོས་པས་རྒྱང་གྲིབ་དང་ལྟར་སྣང་རྒྱང་གྲིབ་ཀྱི་མིག་ནད་བཅོས་རྒྱུར་ཕན་ཐོགས་ངེས་ཅན་ཐོན་གྱི་ཡོད། ‘ཆུ་ཚོད་བཞི་དང་ཕྱེད་ཀའི་སློབ་ཚན’ལ་ཁྱིམ་བདག་ཚོའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། དེས་སློབ་གྲྭ་གྲོལ་རྗེས་སློབ་མ་བསུ་མཁན་མེད་པའི་ཁྱིམ་བདག་གི་དཀའ་གནད་སེལ་བ་མ་ཟད་ལུས་རྩལ་བྱེད་སྒོ་བརྒྱུད་སློབ་མའི་གཟུགས་པོ་ཐང་དུའང་གཏོང་ཐུབ”ཅེས་བཤད།

ལོ་ལྟར་གྱི་ཟླ་4པ་དང་9པ་ནི་རུང་ཧུའུ་སློབ་ཆུང་གི་ལུས་རྩལ་དུས་ཆེན་ཡིན་ཞིང་། ཟླ་4པར་སྤྲོ་སྣང་ལྡན་པའི་ཕ་མ་དང་བུ་ཕྲུག་གི་ལུས་རྩལ་འགྲན་ཚོགས་དང་འཛིན་གྲྭའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་སྤེལ་བ་དང་། ཟླ་9པར་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འདུ་ཚོགས་དང་འཛིན་གྲྭའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་བྱས་ནས་སློབ་མ་ཚོས་ལུས་རྩལ་འགྲན་བསྡུར་ཁྲོད་མཛའ་གྲོགས་ཟབ་ཏུ་དང་གཟུགས་གཞི་ཐང་དུ་གཏོང་གི་ཡོད། འདི་ལོའི་སྤྲོ་སྣང་ལྡན་པའི་ཕ་མ་དང་བུ་ཕྲུག་གི་ལུས་རྩལ་འགྲན་ཚོགས་ཐོག་སློབ་གྲྭས་ད་དུང་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་མཁན་གྱི་པཱ་ལགས་ཁག་གཅིག་ཆེད་མངགས་གདན་དྲངས་ནས་འགྲན་བསྡུར་ལ་ཞུགས་སུ་བཅུག་པས་ཁྱིམ་བདག་ཚོའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་གཟུགས་གཞི་བདེ་ཐང་གི་ཚོད་ལྟའི་ཁྲོད་རུང་ཧུའུ་སློབ་ཆུང་གི་ཕུལ་དུ་བྱུང་ཚད་དང་ཚད་གཞི་ལོན་ཚད་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་པ་དང་2020ལོར་ཚད་གཞི་ལོན་ཚད་98.7%ཟིན་པ་དང་ཕུལ་དུ་བྱུང་ཚད་35.7%ཟིན་ཡོད་པ་རེད།

ཐང་ཅི་ཉིང་གིས“ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་རྒྱང་གྲིབ་འགོག་བཅོས་ལ་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་པ་མ་ཟད། ད་དུང་ལུས་རྩལ་སྦྱོང་བརྡར་ཁྲོད་ནས་ཕྲུ་གུ་ཚོའི་སྤྲོ་སྣང་འཕེལ་བ་དང་ལུས་རྩལ་ལ་བཅངས་པའི་ཁོང་ཚོའི་དགའ་མོས་དང་དགའ་ཞེན་འཕེལ་ཐུབ་ནས་སྦྱོང་བརྡར་མཐའ་འཁྱོངས་དང་རང་རྟོགས་ངང་ལུས་རྩལ་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་འཇགས་ཡོད”ཅེས་བཤད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)