《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月20日

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས།

《མི་དམངས་ཁྲིམས་ཁང་གི་དྲ་ཐོག་གཏུག་བཤེར་སྒྲིག་སྲོལ》ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དྲ་ཐོག་གི་གཏུག་བཤེར་བྱེད་སྒོར་སྐུལ་འདེད་དང་དེ་ཚད་ལྡན་དུ་གཏོང་ཆེད། ཚེས་17ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《མི་དམངས་ཁྲིམས་ཁང་གི་དྲ་ཐོག་གཏུག་བཤེར་སྒྲིག་སྲོལ》ཁྱབ་བསྒྲགས་བྱས་པའི་ནང་དྲ་ཐོག་གི་གཏུག་བཤེར་སྒྲིག་སྲོལ་གྱི་མ་ལག་བསྐྲུན་ནས་གཏུག་བཤེར་གྱི་ལམ་ལུགས་མུ་མཐུད་དུས་བསྟུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་འཁོད་ཡོད།

སྒྲིག་སྲོལ་ནང་། དྲ་ཐོག་གཏུག་བཤེར་གྱི་བྱེད་སྒོ་དང་དྲ་ཕྱིའི་གཏུག་བཤེར་གྱི་བྱེད་སྒོ་གཉིས་ཀར་བཅའ་ཁྲིམས་ཀྱི་ནུས་པ་གཅིག་མཚུངས་ལྡན་པ་གསལ་སྟོན་བྱས་ཡོད། དྲ་ཐོག་གཏུག་བཤེར་ལ་སྤྱོད་འཐུས་ཀྱི་གྱོད་གཞི་རིགས་5ཡོད་པ་སྟེ། དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་། ཉེས་དོན་མྱུར་གཅོད་ཀྱི་ལས་རིམ་གྱོད་གཞི་དང་ཉེས་པ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་གྱི་གྱོད་གཞི། དེ་བཞིན་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་དྲ་ཕྱིར་འདྲི་གཅོད་བྱེད་མི་བདེ་བའི་ཉེས་དོན་གྱོད་གཞི། དམངས་དོན་གྱི་དམིགས་བསལ་གོ་རིམ་དང་། ལྟ་སྐུལ་གོ་རིམ། མ་རྩ་སྟོངས་པའི་གོ་རིམ། གཏུག་བཤེར་མིན་པའི་ལག་བསྟར་ཞིབ་དཔྱད་གྱོད་གཞི། དམངས་དོན་དང་སྲིད་འཛིན་ལག་བསྟར་གྱོད་གཞི་དང་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་གཏུག་བཤེར་ལག་བསྟར་གྱོད་གཞི། དྲ་ཐོག་ཏུ་སྤྱོད་རྒྱུར་འཚམ་པའི་བྱེད་ཐབས་ལ་བརྟེན་ནས་འདྲི་གཅོད་བྱེད་པའི་གྱོད་གཞི་གཞན་དག་བཅས་ཡིན།

སྒྲིག་སྲོལ་ནང་། དྲ་ཐོག་གཏུག་བཤེར་གྱི“ཁྲིམས་མཐུན་རང་མོས”དང“ཁེ་དབང་འགན་ལེན”སོགས་གཞི་རྩའི་རྩ་དོན་ཆེན་པོ་ལྔ་ཁ་གསལ་བསྟན་པ་མ་ཟད། མི་དམངས་ཁྲིམས་ཁང་གིས་བཙན་ཤེད་དམ་ཡང་ན་ངོ་བོ་འགྱུར་བའི་བཙན་ཐབས་དྲ་ཐོག་གཏུག་བཤེར་ལ་སྤྱོད་མི་ཆོག་པ་དང་། དོ་བདག་གི་གཏུག་བཤེར་དབང་ཆ་ཁག་ལ་འགན་ལེན་གང་ལེགས་བྱེད་པ། དྲན་སྐུལ་དང་། གསལ་བཤད། ཤེས་སུ་འཇུག་པ་བཅས་ཀྱི་འོས་འགན་ཇེ་ཆེར་བཏང་ནས་གཏུག་བཤེར་གྱི་ལྷུ་ཚིགས་ཉུང་དུ་གཏོང་བ་དང་དོ་བདག་གི་གཏུག་བཤེར་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་གང་བྱུང་བྱེད་མི་རུང་བའི་བླང་བྱ་ཁ་གསལ་བསྟན་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཀྲེང་གིས། གཏུག་བཤེར་དེ་སྲོལ་རྒྱུན་གྱི“གདོང་དང་གདོང་གཏུག་པ”ནས“བརྙན་ཤེལ་ལ་གཏུག་པའི་བར”འགྱུར་ལྡོག་བྱུང་བ་དང་སྦྲགས། ཁྲིམས་འཛིན་གྱི“དངོས་སུ་བརྒྱུད་དགོས་པའི”རྩ་དོན་ལ་འགྱུར་བ་གཏོང་མི་སྲིད། དྲ་ཐོག་གཏུག་བཤེར་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་འབབ་ས་ནི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་དགོས་མཁོ་བསྐངས་ནས་གཏུག་བཤེར་སྟབས་བདེ་གང་མང་ཡོང་བ་དང་། རྩོད་གཞི་སེལ་བའི་མ་གནས་དམའ་རུ་གཏོང་བ། ཁྲིམས་འཛིན་གཞུང་དྲང་ལ་འགན་ལེན་བཅས་བྱས་ནས་དོ་བདག་གི་གཏུག་བཤེར་ཁེ་དབང་ལ་གནོད་འཚེ་གཏོང་བ་རིན་དོད་དུ་འཛིན་རྒྱུ་རྩ་བ་ནས་བྱེད་མི་རུང་བ་དང་། དེ་དང་དུས་མཚུངས་སུ་སྒྲིག་སྲོལ་ནང་གློག་རྡུལ་ཅན་གྱི་རྒྱུ་ཆའི་ཕན་ནུས་དང་ཞིབ་དཔྱད་ཀྱི་སྒྲིག་སྲོལ་ཁ་གསལ་བཟོས་ཏེ་དྲ་ཐོག་གི་འདྲི་གཅོད་ལམ་སྲོལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚན་ཚན་ཕྲེང་འབྲེལ་གྱི་དཔང་ཡིག་ཉར་ཚགས་ཀྱི་ནུས་པའི་ཁྱབ་ཁོངས་གཏན་འཁེལ་ཁ་གསལ་བཟོས་ནས་དཔང་རྟགས་བདེན་མིན་གྱི་ཞིབ་དཔྱད་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། དྲ་ཐོག་གི་ཁྲིམས་རའི་འདྲི་གཅོད་སྤྱད་འཐུས་ཁྱབ་ཁོངས་དང་བྱེད་སྟངས་ཁ་གསལ་བཟོས་ཏེ་དྲ་ཐོག་ཁྲིམས་རའི་འདྲི་གཅོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དུས་མཉམ་མིན་པའི་འདྲི་གཅོད་ཀྱི་ལམ་སྲོལ་ཁ་གསལ་བཟོས་ཏེ་སྤྱོད་འཐུས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ལ་ལུགས་མཐུན་ངང་ཚད་བཀག་ཁ་གསལ་བཟོ་བ་བཅས་ཡིན་པ་བསྟན་ཡོད་ཅེས་བཤད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ལི་ཧྲའོ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྲིམས་ཁང་གི་དྲ་སྦྲེལ་ཁྲིམས་འཛིན་ལ་མུ་མཐུད་འཕེལ་རྒྱས་བྱུང་ཡོད། 2020ལོའི་ཟླ་1ཚེས་1ནས་2021ལོའི་ཟླ་5ཚེས་31ཉིན་བར་རྒྱལ་ཡོངས་སུ་ཁྲིམས་ཁང་གིས་དྲ་ཐོག་ནས་འདུམ་འགྲིག་བྱེད་ཐེངས་ཁྲི་651.3ཟིན་པ་དང་། དྲ་ཐོག་ཁྲིམས་ར་ཐེངས་ཁྲི་128.8འཚོགས་ཡོད། དྲ་ཐོག་གཏུག་བཤེར་གྱི་སྒྲིག་སྲོལ་རིམ་བཞིན་འཐུས་ཚང་དང་གཏན་འཁེལ་བྱུང་ནས་དྲ་རྒྱའི་བར་སྟོང་གི་ཁྲིམས་འཛིན་བཅོས་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)