《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་ཀྱི་ལས་གཉེར་མི་སྣའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2020ལོ་ནས་བཟུང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས“ཤེས་པ་གཅིག་དང་དགའ་ཞེན་གཉིས”ཀྱི་ཞིང་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱེད་རྒྱུ་གཙོ་བོར་བཟུང་ནས་གཙོ་གནད་ཤེས་ལྡན་པའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། རིམ་པ་དང་རིགས་དབྱེའི་སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ཞིང་འབྲོག་ལས་ཀྱི་ལས་གཉེར་མི་སྣའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་པའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཤིང་། ད་ཆ་ཞིང་ཆེན་ཡོངས་སུ་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་གཉེར་སྐྱོང་བྱེད་པོ་2336དང་མི་གྲངས་ཁྲི་2.4ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་ལས་གྲོང་གསེབ་ཚན་རྩལ་དང་ཤེས་ལྡན་པའི་འཕེལ་རྒྱས་འཆར་འགོད》ཞིབ་འཇུག་བྱས་ནས་བཟོས་ཏེ། ཁུ་ནུའི་ཤེས་ལྡན་པ་ཕུལ་བྱུང་གི་བྱ་སྤྱོད་འཆར་གཞི་ལག་ལེན་ནན་ཏན་བསྟར་ནས་རྩེར་སོན་གསར་གཏོད་ཀྱི་ཤེས་ལྡན་པའི་འཆར་གཞིའི་ནང་མི་4བདམས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་པ་98དང་ཤེས་ལྡན་པའི་ཚོགས་པ་15“ཁུ་ནུའི་ཤེས་ལྡན་པ་ཕུལ་བྱུང་། གྲོང་གསེབ་དར་རྒྱས་གཏོང་མཁན་ཤེས་ལྡན་པར”རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་ནང་བདམས་ཡོད། ཞིང་འབྲོག་ལས་ཁོངས་གཏོགས་ཀྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ཇེ་ཟབ་ཏུ་བཏང་ནས་བྱ་གཞག་ཚན་པའི་ལས་གནས་བཀོད་སྒྲིག་ལེགས་སྒྲིག་བྱས་ཏེ་གསོ་སྦྱོང་དང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། ཕ་ཡུལ་དུ་ལོག་ནས་གསར་གཏོད་ལས་གཏོད་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས། ཟི་ལིང་དང་མཚོ་ནུབ་ཀྱི་ཞིང་ལས་གསར་གཏོད་གླིང(རྟེན་གཞི)2དང་གསར་གཏོད་ལས་གཏོད་རྣམ་གྲངས་གཉེར་སྐྱོང་བྱེད་པོ་54ལ་གཙོ་གནད་ཐོག་འདེགས་སྐྱོར་བྱས་ཡོད།

ཞིང་འབྲོག་ལས་ཀྱི་ལས་གཉེར་མི་སྣའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཆེད། སྔོན་འགོག་དང་ཚོད་འཛིན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གསོ་སྦྱོང་གི་གཞི་ཁྱོན་འོས་འཚམ་ངང་ཆུང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་རའི་བདག་པོ་གཞོན་ནུ་དང་། དེང་རབས་གསར་གཏོད་ལས་གཏོད་ཀྱི་གཞོན་ནུ་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྣེ་ཁྲིད་པར་གཙོ་གནད་ཐོག་གསོ་སྐྱོང་གིས་ཞིང་འབྲོག་པ་སྣ་ཚོགས་15018གསོ་སྐྱོང་བྱས་ཤིང་། ཞིང་ལས་དང་གྲོང་གསེབ་པུའི་སྤྱོད་གོ་ཆོད་པའི་ཤེས་ལྡན་སྣེ་ཁྲིད་པ་གསོ་སྐྱོང་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་སྤྱོད་གོ་ཆོད་པའི་ཤེས་ལྡན་སྣེ་ཁྲིད་པ་300གསོ་སྦྱོང་བྱས་པ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན་དང་སྤྱོད་གོ་ཆོད་པའི་ཤེས་ལྡན་སྣེ་ཁྲིད་པ་150ཉེ་འགྲམ་ཞིང་ཆེན་ལ་སྤེལ་རེས་སློབ་སྦྱོང་བྱེད་པར་བཏང་བ་མ་ཟད། གདན་འདྲེན་པ་དང་ཕྱིར་སྐྱོད་པའི་བྱ་ཐབས་ལ་བརྟེན་ནས་རིམ་པ་དང་ཆེད་ལས་དབྱེ་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་བར་རིགས་དབྱེ་ནས་གསོ་སྦྱོང་བྱས་པ་དང་། ལས་རིགས་དབྱེ་བའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་པར་ལས་སྒོའི་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་ཡང་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)