《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

བོད་ཀྱི་སྨན་བཅོས་སྒྲིག་གཞིས་མང་ཚོགས་ཀྱི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལོ་ངོ་70ཡི་རིང་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་དང་རྒྱུན་མཐུད་མ་འཇོག་གི་ཕན་འབྲས་ལས། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག་སྨན་བཅོས་འགན་སྲུང་ཡང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། མིག་སྔར་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་རྨང་གཞིར་བྱེད་པ་དང་། ནད་ཆེན་འགན་བཅོལ་ཁ་གསབ་ཏུ་བྱེད་པ། སྨན་བཅོས་རོགས་སྐྱོབ་རྨང་གཞིར་བྱེད་པ་བཅས་ཀྱི་རིམ་པ་མང་བའི་མ་ལག་ཅིག་ཆགས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

1940ལོར་སྐྱེས་པའི་ཐུབ་བསྟན་རྒྱལ་མཚན་ནི་དེ་སྔ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་ཞིང་བྲན་ཞིག་རེད། ཆུང་དུས་ནས་ཕ་མ་གཉིས་ནད་ཀྱིས་མནར་ནས་གྲོངས་པའི་སྡུག་བསྔལ་མྱངས་དགོས་བྱུང་ཡང་རང་ཉིད་ལ་བྱ་ཐབས་གང་ཡང་མེད་པ་རེད། དེ་ལྟ་བུའི་ནད་ཀྱིས་རྐྱེན་པས་མི་ཡུལ་ལས་བྲལ་བའི་རྣམ་པ་བོད་རྙིང་པར་མཐོང་དཀོན་པ་ཞིག་གཏན་ནས་མིན།

“བོད་རྙིང་པར་སེམས་ཁྲལ་ཆེ་ཤོས་ནི་ན་ཚ་ཕོག་ཡོང་བསམ་པ་དེ་རེད། སྐབས་དེ་དུས་དབུལ་པོ་ཚོར་ནད་ལྟ་བའི་ནུས་པ་མེད། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད། མི་སེར་ཚོ་ནད་ལྟ་བར་སྨན་རིན་རྩིས་ཞུ་བྱེད་ཀྱི་ཡོད་པས་སྤྱིའི་ཆ་ནས་སྨན་རིན་གཏོང་དགོས་མེད། གལ་ཏེ་སྤྱི་ཚོགས་གསར་པར་འཚོ་བ་སྐྱེལ་མེད་ན་ང་རང་ལོ་81བར་འཚོ་ཐབས་བྲལ”ཞེས་ཐུབ་བསྟན་རྒྱལ་མཚན་གྱིས་མྱོང་ཚོར་ཟབ་མོས་བཤད།

མིག་སྔར་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་ནས་ཤང་དང་གྲོང་ཚོ་ ཚང་མར་འཕྲོད་བསྟེན་ཁང་ཡོད་པས་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642ཡོད་པ་དང་མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ་5.89ཡོད་པ་རེད། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་མི་རིགས་ཁག་གི་མང་ཚོགས་ཚོ་རང་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། ད་ཆ་བོད་ཀྱི་སྦྲུམ་མ་འཆི་ཚད་དེ་བཅིངས་འགྲོལ་བཏང་མ་ཐག་པའི་དུས་ཀྱི་ཁྲི་10ཡི་ནང་གི་5000ནས་ཁྲི་10ཡི་ནང་གི་48བར་ཆག་པ་དང་། ཕྲུ་གུ་དམར་འབྱར་འཆི་ཚད་430‰ནས་7.6‰བར་ཆག་པ། མི་རེའི་ཆ་སྙོམས་ཚེ་ཚད་དེ་བཅིངས་འགྲོལ་བཏང་མ་ཐག་པའི་དུས་ལས་ལྡབ་འཕར་བྱུང་ནས་ལོ་71.1ཟིན་ཡོད་པ་རེད།