《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

མ་ལེ་ཞི་ཡས་ཀྲུང་གོའི་ཁང་ཤིས་ནུའོ་སྐྱེ་དངོས་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཆ་རྐྱེན་ཡོད་པའི་ཐོ་འགོད་ཀྱི་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་མ་ལེ་ཞི་ཡའི་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པར། མ་ལེ་ཞི་ཡའི་ལྟ་འདོམས་སྡེ་ཚན་གྱིས་ཀྲུང་གོའི་ཁང་ཤིས་ནུའོ་སྐྱེ་དངོས་མ་རྐང་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཆ་རྐྱེན་ཡོད་པའི་ཐོ་འགོད་ཀྱི་ཆོག་མཆན་སྤྲོད་རྒྱུའི་མོས་མཐུན་བྱས་ཏེ་ཛ་དྲག་ངང་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

མ་ལེ་ཞི་ཡའི་འཕྲོད་བསྟེན་པུའི་སྤྱི་ཁྱབ་ལྟ་ཞིབ་པ་ནུར·ཤིས་ཧྲ་མུའུ་ཡིས་ཚེས་15ཉིན་གསལ་བསྒྲགས་སྤེལ་ནས། སྨན་རྫས་ལྟ་འདོམས་ཅུས་ཀྱིས་དེ་ཉིན་ཚོགས་འདུ་འཚོགས་ཏེ། ཁང་ཤིས་ནུའོ་ཡི་རིམས་འགོག་སྨན་ཁབ་དང་ཆང་ཧྲེང་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱལ་ཁབ་དེ་རང་ལ་ཆ་རྐྱེན་ཡོད་པའི་ཐོ་འགོད་བྱེད་ཆོག་པའི་ཆོག་མཆན་སྤྲོད་རྒྱུར་མོས་མཐུན་བྱས་པ་རེད།

ཁང་ཤིས་ནུའོ་ཀུང་སིའི་ཕྱི་ཕྱོགས་རྣམ་གྲངས་མཉམ་ལས་དང་ཚན་རིག་ལས་དོན་གྱི་འགན་འཁུར་མཁན་ཙུང་ཚའེ་གཞོན་པ་ཤིན་ཁྲུན་ལིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཁང་ཤིས་ནུའོ་ཀུང་སིས་མ་ལེ་ཞི་ཡར་རིམས་འགོག་སྨན་ཁབ་མཁོ་འདོན་བྱ་རྒྱུ་མ་ཟད། མ་ལེ་ཞི་ཡའི་སྨན་བཟོའི་ཁེ་ལས་དང་མཉམ་དུ་ས་གནས་དེ་གར་ཐོན་སྐྱེད་མཉམ་ལས་བྱེད་བཞིན་ཡོད་ཅེས་བཤད།

མ་ལེ་ཞི་ཡ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཚེས་14ཉིན་རྒྱལ་ཁབ་དེས་རིམས་འགོག་སྨན་ཁབ་ཁྱོན་197963བརྒྱབ་ནས་ཉིན་གཅིག་རང་ལ་རིམས་འགོག་སྨན་ཁབ་རྒྱག་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད། ཚེས་14ཉིན་བར་མ་ལེ་ཞི་ཡར་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་དང་པོ་གཟེད་མཁན་ཉུང་མཐར་ཡང་མི་ཁྲི་327ཡོད་པའི་ཁྲོད། མི་ཁྲི་141གིས་རིམས་འགོག་སྨན་ཁབ་གཟེད་ཟིན་པ་རེད།