《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

སི་ཁྲོན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་ལ་འགུལ་མེད་རྒྱུ་ནོར་ཐོ་འགོད་ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོའི་གྲས་ཤིག་ཡིན་པའི་སི་ཁྲོན་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་སྡོད་ཁང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། ཀྲོའུ་བཅས་སུ་ཁྱབ་ཡོད། ཉེ་དུས་སི་ཁྲོན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་སྡོད་ཁང་ལ་འགུལ་མེད་རྒྱུ་ནོར་ཐོ་འགོད་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་ནས་སྡོད་ཁང་ཁྲི་36ཙམ་ལ་ཐོ་འགོད་ལག་ཁྱེར་སྤྲད་དེ“ཐོ་འགོད་བྱེད་དགོས་རིགས་ཚང་མ་ཐོ་འགོད”ཐུབ་པ་བྱུང་སྟེ་འཆར་གཞི་ལས་ཟླ་གཅིག་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་ལ་འགུལ་མེད་རྒྱུ་ནོར་ཐོ་འགོད་བྱེད་པའི་ལས་དོན་སྤེལ་ཚུན། སི་ཁྲོན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་སྡོད་ཁང་ལ་འགུལ་མེད་རྒྱུ་ནོར་ཐོ་འགོད་བྱེད་པའི་དོན་སྙིང་དྲིལ་བསྒྲགས་བྱས་པར་བརྟེན། བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཚོས་ལག་ཁྱེར་གཉེར་བའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད་དེའི་ནང་ཧུར་ཐག་ཞུགས་ཡོད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་སོགས་སྡེ་ཚན་གྱིས་མཉམ་དུ་སྐུལ་འདེད་བཏང་བ་མ་ཟད། ལས་དོན་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང་བཞག་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགུལ་མེད་རྒྱུ་ནོར་བདག་དབང་ལག་ཁྱེར་གནས་སྤོས་མང་ཚོགས་ལ་སྤྲད་དེ་མང་ཚོགས་བློ་བདེ་པོ་ཡོང་བ་བྱས་པ་རེད།

གོམ་སྟབས་རྗེས་མར། སི་ཁྲོན་ཞིང་ཆེན་གྱིས་རྫོང་རིམ་པའི་རང་བཤེར་དང་གྲོང་ཁྱེར(ཀྲོའུ)སྐོར་ཞིབ་ཞིབ་བཤེར་དང་དེ་བཞིན་ཞིང་ཆེན་རིམ་པའི་འཐེན་བཤེར་ལས་དོན་མུ་མཐུད་སྤེལ་ཏེ། ས་ཁུལ་ཁག་གིས་བཀོད་སྒྲིག་སྡོད་ཁང་གི་འགུལ་མེད་རྒྱུ་ནོར་གྱི་ཐོ་འགོད་ཡིག་ཚགས་དཔྱད་ཡིག་དང་། ལས་ཀའི་རྩིས་ཐོ། ཐོ་འགོད་དེབ། འགུལ་མེད་རྒྱུ་ནོར་བདག་དབང་ལག་ཁྱེར་ཞར་བྱུང་ཐོ་འགོད་བཅས་ཀྱི་ལས་དོན་འཐུས་སྒོ་ཚང་དུ་བཏང་ནས་འགུལ་མེད་རྒྱུ་ནོར་བདག་དབང་ལག་ཁྱེར་ཆད་ལུས་མེད་པར་སྤྲོད་ཐུབ་པ་བྱ་རྒྱུ་རེད།