《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

ཀན་སུའུ་ཡིས་གྲོང་གསེབ་ཏུ་མི་ཁྲི་6.2ལས་གྲུབ་པའི་བདེ་སྲུང་དུད་སྦྲེལ་སྤྱི་མིའི་དཔུང་ཁག་བཙུགས་པ།

མི་དམངས་ཉེན་རྟོག་པར་ལས་རོགས་ཡག་པོ་བྱུང་ཞིང་ཡུལ་ མིའི་བདེ་འཇགས་ཚོར་སེམས་དེ་བས་ཆེ་རུ་སོང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥུའུ་ཝུན།

འདི་ལོ་ལོ་57ལ་སླེབས་པའི་ལའོ་ཀྲང་ནི་ཀན་སུའུ་ཞིང་ཆེན་ཆིན་ཨན་རྫོང་གི་གྲོང་ཚོ་ཞིག་གི་བདེ་སྲུང་དུད་སྦྲེལ་སྤྱི་མི་རེད། དུས་རྒྱུན་ནས་མི་དྲང་པོ་དྲང་གཞག་ཅིག་ཡིན་པས་གྲོང་ཚོའི་ནང་སྙན་གྲགས་ཆེན་པོ་ཡོད།

ལོ་གསུམ་གྱི་གོང་དུ་ཁོང་ཡུལ་མིས་བདེ་སྲུང་དུད་སྦྲེལ་སྤྱི་མིར་བདམས་པ་དང་ད་ཆ་ཁོང་གིས་ཉིན་ལྟར་བྲང་རྟགས་དང་དཔུང་རྟགས་བཏགས་ནས་གྲོང་ཚོའི་ནང་སྐོར་གཡེང་དུ་སྐྱོད་ཀྱི་ཡོད། ཡུལ་མི་ཚོས་ལའོ་ཀྲང་ཡོད་ན་བློ་བདེ་པོ་འདུག་ཅེས་ཤོད་ཀྱི་ཡོད།

བདེ་སྲུང་དུད་སྦྲེལ་སྤྱི་མི་བདམས་པ།

ས་ཆ་དེ་རང་ནས་གདམ་པར་གྲོང་གསེབ་ས་ཁུལ་གྱི་དུས་ཡུན་རིང་པོའི་ནང་བདེ་འཇགས་ལ་དོགས་ཟོན་བྱེད་པའི་ཉམས་ཞན་གྱི་ལྷུ་ཚིགས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་ཡོད།

གྲོང་གསེབ་ས་ཁུལ་དུ་བདེ་སྲུང་དུད་སྦྲེལ་སྤྱི་མིའི་དཔུང་ཁག་འཛུགས་རྒྱུ་ནི་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པའི་བྱ་ཐབས་གསར་པ་ཞིག་རེད།

རྣམ་ཀུན་དུད་སྦྲེལ་སྤྱི་མི་ཚོས་མི་དང་། ས་གནས། གནས་ཚུལ་བཅས་རྒྱུས་མངའ་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ། “ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་པ”དང་། “ཆ་འཕྲིན་བསྡུ་རུབ་པ” “འགྲིམ་འགྲུལ་ཁ་ཏ་སློབ་སྟོན་པ” “བདེ་འཇགས་དོགས་ཟོན་པ”བཅས་ཀྱི་འགན་ཁུར་ཞིང་། ཁོང་ཚོ་ནི་སྤྱི་བདེའི་མངགས་གཏོང་ཁང་དང་སྡེ་ཁུལ(གྲོང་སྡོད)གྱི་མི་དམངས་ཉེན་རྟོག་པར་གཞོགས་འདེགས་བྱས་ཏེ། བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་མཁན་གྱི་གཞོགས་འདེགས་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

2019ལོ་ནས་ད་བར་ཀན་སུའུ་ཡིས་མི་ཁྲི་6.2ལས་གྲུབ་པའི་བདེ་སྲུང་དུད་སྦྲེལ་སྤྱི་མིའི་དཔུང་ཁག་བཙུགས་ཏེ། གྲོང་གསེབ་ས་ཁུལ་དུ་དུས་ཡུན་རིང་པོའི་ནང་ཉེན་རྟོག་པའི་ཐོན་ཁུངས་མི་འདང་བ་དང་བདེ་འཇགས་དོགས་ཟོན་བྱེད་ཤུགས་ཆུང་བའི་དཀའ་གནད་ནུས་ལྡན་ངང་བསལ་ཡོད།

འགལ་ཟླ་དང་རྩོད་གཞི་བསལ་བ།

གྲོང་གསེབ་ས་ཁུལ་གྱི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་ནུས་སྔར་ལས་ཆེ་རུ་ཕྱིན་ནས་འགལ་ཟླ་གོང་རིམ་ལ་སེལ་རྒྱུར་འབུལ་མི་དགོས་པ་དང་བདེ་འཇགས་ཀྱི་གནས་ཚུལ་གཅིག་ཀྱང་མི་ཐོན་པ་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད།

བདེ་སྲུང་དུད་སྦྲེལ་སྤྱི་མིའི་འགན་འཁྲི་གཙོ་བོ་གཞན་ཞིག་ནི་ཁྱིམ་མཚེས་བར་གྱི་རྩོད་གཞི་དང་ས་མཚམས་ཐད་ཀྱི་འགལ་བ་སོགས་དོན་དག་ཆུང་ཙག་འདུམ་འགྲིག་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་ཧོབ་ཏེ་ལྟ་དུས་དོན་དག་ཆུང་ཙག་ཡིན་ན་ཡང་གལ་ཏེ་ཐག་གཅོད་ཡག་པོ་མ་བྱུང་ན་དེ་དག་གནད་དོན་ཆེན་པོར་འགྱུར་ཉེན་ཡོད། ཀན་སུའུ་རུ་གྲོང་གསེབ་མང་པོ་ཞིག་ཏུ་བདེ་སྲུང་དུད་སྦྲེལ་སྤྱི་མིས་གྲོས་འགོ་འདོན་མཁན་དང་། གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཐུས་མི། སྤྱོད་གྲགས་གཉིས་ལྡན་གྱི་མིས་ཁོངས་མི་བཅས་བྱེད་པའི“ཚོད་སྐོར་བྱེད་པ་དང་གནས་ལུགས་ཤོད་པའི”ཚོགས་ཆུང་བཙུགས་ནས་འགལ་ཟླ་དང་རྩོད་གཞི་ཛ་དྲག་ཏུ་མི་འགྲོ་བ་བྱས་ཡོད།

“བདེ་སྲུང་དུད་སྦྲེལ་སྤྱི་མིའི་དཔུང་ཁག་བཙུགས་རྗེས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཧུར་ཐག་སྤེལ་བས་གྲོང་གསེབ་ས་ཁུལ་གྱི་འགལ་ཟླ་གོང་རིམ་ལ་སེལ་རྒྱུར་འབུལ་མི་དགོས་པ་དང་བདེ་འཇགས་ཀྱི་གནས་ཚུལ་གཅིག་ཀྱང་མི་ཐོན་པ་རྩ་བའི་ཆ་ནས་བྱུང་ཡོད”ཅེས་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ལི་མིང་གིས་བཤད།

འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་བ།

ཉིན་ཞིག་གི་མཚན་དགུང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་སྟག་ལྷ་ཤང་ཚེ་བ་གྲོང་ཚོའི་བདེ་སྲུང་དུད་སྦྲེལ་སྤྱི་མི་ཚེ་དཔག་སྟོབས་རྒྱལ་གྱིས་ཆར་ཆུ་རྒྱས་ཚུལ་ལ་ལྟ་བར་སྐྱོད་སྐབས། གཙང་ཆུ་གློ་བུར་དུ་རྒྱས་པ་ཤེས་རྟོགས་བྱུང་། དེས་ན་ཁོང་གིས་ཡུལ་མིའི་སྒོ་བརྡུངས་ནས་ཉེན་ཁ་ཐོན་ཚུལ་སྐད་ཤུགས་ཆེན་པོས་བརྗོད་དེ་མཚན་མོ་དེ་རང་ལ་མང་ཚོགས་བདེ་འཇགས་ཁུལ་དུ་ཁ་འགྲེམས་བྱས་པ་རེད། ཚེ་དཔག་སྟོབས་རྒྱལ་གྱིས་བདེ་སྲུང་དུད་སྦྲེལ་སྤྱི་མིའི་འགན་ཁུར་ཚུན། ཚེ་བ་གྲོང་ཚོར་མེ་སྐྱོན་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་རྐྱེན། དེ་བཞིན་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་བཅས་ཐོན་མྱོང་མེད། ཕྱིས་སུ་ཚེ་དཔག་སྟོབས་རྒྱལ་ཀན་ལྷོ་ཀྲོའུ་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཕུལ་བྱུང་བདེ་སྲུང་དུད་སྦྲེལ་སྤྱི་མིར་བདམས་པ་རེད།

“བདེ་སྲུང་དུད་སྦྲེལ་སྤྱི་མིར་ཐོག་མར་བསྐོས་པ་དག་ལ་མངགས་གཏོང་ཁང་གིས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དང་བདེ་འཇགས་དོགས་ཟོན་སོགས་ཐད་ལས་ཞུགས་གོང་གི་གསོ་སྦྱོང་བྱེད་པ་དང་ལོ་ཕྱེད་རེར་ཉུང་མཐར་ཡང་གཅིག་སྡུད་གསོ་སྦྱོང་ཐེངས་རེ་བྱས་ནས་བདེ་སྲུང་དུད་སྦྲེལ་སྤྱི་མིའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་གི་ཡོད”ཅེས་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུས་ཧུའེ་ཡིས་བཤད། ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གིས་ད་དུང་རྒྱུན་གཏན་དོ་དམ་དང་། ལྟ་སྐུལ་དཔྱད་ཞིབ། གདན་ཞུ་ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་ཆ་ཚང་ཞིག་བཙུགས་ནས་སྡེ་ཁུལ(གྲོང་སྡོད)གྱི་མི་དམངས་ཉེན་རྟོག་པས་བདེ་སྲུང་དུད་སྦྲེལ་སྤྱི་མིར་ལྟ་སྐུལ་དཔྱད་ཞིབ་བྱེད་པའི་འགན་ཁུར་གྱི་ཡོད།

“སྤྱི་ཚོགས་བདེ་འཇགས་དོ་དམ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་འཚོལ་བསྡུ། གྱོད་གཞིའི་ཁུངས་སྣེ་གོང་ཞུ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ཐད་རྒྱ་ཆེའི་བདེ་སྲུང་དུད་སྦྲེལ་སྤྱི་མིས་འབུར་དུ་ཐོན་པའི་ནུས་པ་བཏོན་པ་དང་སྦྲགས། ཁོང་ཚོའང་གཞི་རིམ་མི་དམངས་ཉེན་རྟོག་པའི་ལས་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད”ཅེས་ཀྲང་ཡུས་ཧུའེ་ཡིས་བཤད། མིག་སྔའི་བར་ཀན་སུའུ་ཡི་ས་གནས་ཁག་གི་བདེ་སྲུང་དུད་སྦྲེལ་སྤྱི་མིས་ཁུངས་སྣེ་ཁྲི་18ལྷག་ཙམ་གོང་ཞུ་བྱས་པ་དང་། ཉེས་དོན་གྱོད་གཞི་3860ལྷག་ཙམ་གྱི་རྩད་གཅོད་ལ་གཞོགས་འདེགས་བྱས་པས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ས་ཁུལ་དུ་ཉེས་དོན་གྱོད་གཞི་ཐོན་གྲངས་དུས་མཚུངས་ལས་5.3%ཆག་པ་དང་བདེ་འཇགས་གྱོད་གཞི་ཞིབ་གཅོད་བྱེད་གྲངས་24.8%ཆག་ཡོད་པ་རེད།

(སྤེན་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)