《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

མཚོ་སྔོན་གྱིས་སྐྱེ་ཁམས་སླར་གསོ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐད་གཉིས་ཕན་ཡོང་བ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་མང་རིང་ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་དོན་སྤེལ་ཐབས་རྒྱུན་མཐུད་འཚོལ་ཞིབ་བྱས་ཏེ། གནམ་གཤིས་ཀྱི་གནོད་འཚེ་མ་བྱུང་སྔོན་འགོག་དང་ཉུང་དུ་བཏང་བ་དང་ཆབས་ཅིག ས་མཐོའི་སྐྱེ་ཁམས་སླར་གསོ་ཡང་བྱས་པ་རེད། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཕན་འདོགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད།

སྒྲིག་ཆས་དང་སྒྲིག་བཀོད་གསར་སྒྱུར་རབས་བརྗེ་དང་གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་ལག་རྩལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་ཆབས་ཅིག མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ཞབས་ཞུའང་གནོད་འཚེ་མ་བྱུང་སྔོན་འགོག་ནས་སྐྱེ་ཁམས་སླར་གསོ་དང་རྨ་ཆུའི་སྟོད་རྒྱུད་དུ་ཆུ་གསོག་ཚད་མང་དུ་གཏོང་བ་སོགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། གནམ་གཤིས་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་བཏང་བ་བརྒྱུད། 2012ལོ་ནས་2020ལོ་བར་མཚོ་སྔོན་ཞིང་ཆེན་གྱི་སེར་འགོག་དང་གནོད་འཚེ་ཉུང་གཏོང་གི་རྒྱ་ཁྱོན་ལོ་ལྟར་མུའུ་ཁྲི་30ནང་ཚུན་དུ་ཚོད་འཛིན་བྱས་པ་དང་འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་མི་ཐབས་ཆར་འབེབས་ཀྱི་ལས་སྒྲུབ་ཐེངས་310དང་སེར་འགོག་གི་ལས་སྒྲུབ་ཐེངས་12ལེགས་སྒྲུབ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་ཁུལ་ལ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། 2012ལོ་ནས་2020ལོ་བར་ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་དེ་གར་མི་ཐབས་ཆར་འབེབས་ཐེངས་4342བྱས་པ་རེད། ཀྲུང་གོ་ཚན་རིག་ཁང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་རིག་གཞུང་ཡོན་ཀྲང་ཀྲའོ་ཤིན་ཆོན་གྱིས“གནམ་ཆུ་དང་མི་ཐབས་ཆར་འབེབས་ཀྱི་ཐུན་མོང་ནུས་པའི་འོག གཙང་གསུམ་ཆུ་འགོའི་ཁུལ་དུ་སྔོ་ཁེབས་སླར་གསོ་དང་། མཚོ་དང་མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་འགྲོ་བ། ཆུ་བོ་རྒྱུག་ཤུགས་ཆེ་རུ་འགྲོ་བ་སོགས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད”ཅེས་བཤད་པ་རེད།