《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

དམངས་འཚོ་ལེགས་སུ་གཏོང་རིང་བོད་ཀྱི་བཟོ་ལས་ལ་ལྗང་མདོག་འཕེལ་རྒྱས་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་དམངས་འཚོ་ལེགས་སུ་གཏོང་ཆེད་བཟོ་ལས་འཕེལ་རྒྱས་འོས་འཚམ་བཏང་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ས་མཐོའི་གྲོང་མིའི་དགོས་མཁོ་བསྐངས་ཡོད། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་གསལ། 2020ལོར་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་331.15ཟིན་པ་དེ་1956ལོ་ལས་ལྡབ་4023.3འཕར་བ་དང་ལོར་ཆ་སྙོམས་13.8%འཕར་ཡོད་པ་རེད།

རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་པའི་བོད་ལྗོངས་གསར་པར་མི་སེར་རྣམས་ཀྱིས་སྐྱེ་ཁམས་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ལྗང་མདོག་ཐོན་ལས་བཅས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད།

2017ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་བོད་ལྗོངས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཤིང་། ད་ཆ་ཀུང་སིས་འོ་ཁུངས་རྟེན་གཞི་100བཙུགས་པར་འབྲོག་དུད་3200ལྷག་ཙམ་ཞུགས་ཡོད་པ་དང་། མི་16256གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། འོ་མ་ཉོས་པའི་མ་དངུལ་སྒོར་ཁྲི་2044.96སྤྲད་ནས་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཡོང་བར་རོགས་རམ་བྱས་པ་རེད།

སྤེན་པ་ནི་དེ་སྔ་ནག་ཆུའི་འབྲོག་པ་ཞིག་ཡིན་ཞིང་། 2017ལོ་ནས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཚད་ཡོད་ཀུང་སིར་བཞོན་མ་གསོ་ཚགས་ཀྱི་འགན་ཁུར་ཡོད། ལོ་གཅིག་གི་རྗེས་སུ་ཁོང་གི་བུ་ཡང་ཀུང་སི་དེའི་ལས་མིར་གྱུར་ནས་མིག་སྔར་འོ་མ་ལས་སྣོན་བྱེད་བཞིན་ཡོད། སྤེན་པས“དེ་སྔ་ཕྱུགས་འཚོ་སྐབས་རྩྭ་ཐང་སྲུང་སྐྱོང་ལ་དོ་སྣང་བྱེད་ཀྱི་མེད། ད་ཆ་ལྗང་མདོག་དང་ཚན་རིག་དང་མཐུན་པའི་ཁེ་ལས་དགའ་བདེ་ལྟ་བུ་བཙུགས་པས་འདི་གའི་སྐྱེ་ཁམས་སྔར་བས་ཞི་མཐུན་དུ་གྱུར་ཡོད། ངེད་ཕ་བུ་གཉིས་ཀྱིས་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་ནས་འཚོ་བ་ལེགས་སུ་སོང་ཡོད་ལ། ད་ཆ་ངས་ཁ་ལོ་བའི་ལག་ཁྱེར་བླངས་ནས་འཇིབ་ཆུང་ཞིག་ཀྱང་ཉོས་ཡོད”ཅེས་བཤད།

འདི་ལོ་ལོ་79ལ་སླེབས་པའི་དོན་གྲུབ་དབང་རྒྱལ་ནི་དེ་སྔ་བོད་རྙིང་པའི་ཞིང་བྲན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་མདོ་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཤིག་གི་ངོས་ནས་ཁོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱེད་ཐུབ། ཨར་འདམ་ལྕགས་རྩིབས་མའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཐོག་ཁང་ཞིག་གི་མདུན་དུ་དོན་གྲུབ་དབང་རྒྱལ་གྱིས“བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ང་བ་ཚང་དུ་སྡོད་ཀྱི་ཡོད་པས་ཆར་རླུང་ཡང་འགོག་ཐུབ་ཀྱི་མེད། ད་ཆ་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་ཆེན་པོའི་ནང་སྡོད་ཀྱི་ཡོད་ལ། མཐའ་འཁོར་དུ་རི་བོ་དང་སྤང་ལྗོངས་ཀྱིས་བསྐོར་ཡོད་པས་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཡག་པོ་ཡོད། ང་རང་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་རྙིང་པར་མངའ་བདག་ཆེན་པོ་གསུམ(སྡེ་པ་གཞུང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན)གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཟུང་ནས་སྲོལ་རྒྱུན་གྱི་ཁྱིམ་ཚང་རྣམ་པའི་མི་རིགས་ལག་ཤེས་བཟོ་ལས་ཁག་གཅིག་མ་གཏོགས་དེང་རབས་རྣམ་པའི་བཟོ་ལས་ཁེ་ལས་གཅིག་ཀྱང་མེད་པས་མི་མང་ཆེ་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྒྱལ་ཁབ་ཀྱིས་དམངས་འཚོ་ལེགས་སུ་གཏོང་ཆེད་རྒྱུ་ཆ་རང་ས་ནས་བླངས་ཏེ“འཛམ་གླིང་ཡང་རྩེར”བཟོ་ལས་ཁེ་ལས་ཁག་གཅིག་བཙུགས་པས་བོད་དུ་དེང་རབས་ཁེ་ལས་མེད་པའི་སྟོང་ཆ་བསྐངས་པ་རེད།

1960ལོར་ལྷ་སའི་ཨར་འདམ་བཟོ་གྲྭ་བསྐྲུན་པས་བོད་དུ་ཨར་འདམ་བཟོ་གྲྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། ཨར་འདམ་མཁོ་སྤྲོད་བོད་རང་ནས་འགན་ལེན་ཐུབ་སྟེ་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།

སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ལག་རྩལ་འཕེལ་རྒྱས་མགྱོགས་མྱུར་སོང་བ་དང་བསྟུན་ནས། བོད་ཀྱི་ཨར་འདམ་ལས་རིགས་ཀྱང་སྔར་བས་ཁོར་ཡུག་ལ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་བཟོ་ལས་ལག་རྩལ་རྙིང་པར་གྱུར་པའི་ལྷ་སའི་ཨར་འདམ་བཟོ་གྲྭ་དེ་ལོ་རྒྱུས་ཀྱི་གར་སྟེགས་ལས་རིམ་བཞིན་ཕྱིར་འཐེན་བྱས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་དང་བསྐྱར་དུ་སྤྱོད་ཐུབ་པར་དམིགས་ནས་དེ་སྔའི་བཟོ་གྲྭའི་ཤུལ་རྙིང་ཐོག་བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་རྒྱུའི་ཐག་བཅད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འབད་འབུངས་ཆེན་པོས་བསྐྲུན་ནས་ངར་ལྕགས་དང་། བཙོ་སྦྱངས། རྫས་འགྱུར་བཟོ་ལས། ཤོག་བཟོ་སོགས་ཁོར་ཡུག་སྦགས་བཙོག་གི་ཉེན་ཁ་ཆེ་བའི་རྣམ་གྲངས་བོད་དུ་སྤེལ་རྒྱུ་གཏན་འགོག་བྱས་པ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་སྲིད་གཞུང་གི་མཆན་བཀོད“སྨྱུག་གཅིག་མའི”ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཕྲུ་སློག་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ས་མཐོའི་གནམ་སྔོན་པོ་དང་མཁའ་རླུང་གཙང་མ་འགན་ལེན་བྱས་པ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)