《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ཕྱི་རྒྱལ་གྱིས་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་བར་གདེང་འཇོག་ཡག་པོ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ཀྲུང་གོའི་ཚོང་དོན་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་འཕར་ནས་ཕྱིར་གཏོང་ནང་འདྲེན་བརྟན་ལ་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་ལས་རིགས་གཅིག་པའི་མི་སྣས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་དུས་བབ་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

ཉིན་ཤས་གོང་ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ཀྲུང་གོའི་ཚོང་དོན་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་14.76ཟིན་པ་དེ་དུས་མཚུངས་ལས་28.2%འཕར་ནས་2019ལོའི་དུས་མཚུངས་ལས་21.6%འཕར་ཡོད་པ་རེད། གྲངས་གཞི་ལས་ད་དུང་མངོན་པར། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ། ཨ་རི་སོགས་ཚོང་དོན་རོགས་ཟླ་གཙོ་བོ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ཡོད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། ཟླ་ལྔ་པའི་ཀྲུང་གོའི་ནང་འདྲེན་གྲངས་འབོར་འཕར་བའི་ནང་ཚོང་ཟོག་ཆེ་གྲས་ཀྱི་རྒྱལ་སྤྱིའི་རིན་གོང་འཕར་བའི་རྒྱུ་རྐྱེན་ཕུད། ཀྲུང་གོའི་ཕྱིར་གཏོང་ལས་སྣོན་ལས་རིགས་ཀྱི་མ་བཅོས་རྒྱུ་ཆའི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་པ་མངོན་ཡོད། དེས་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན་ཏེ་གློག་རྡུལ་ཡོ་ཆས་ཐོན་སྐྱེད་བྱེད་མཁན་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།

ཨ་རིའི《ཕུའུ་པུ་སི》དུས་དེབ་ཀྱི་ལས་རིགས་གཅིག་པའི་མི་སྣའི་དབྱེ་ཞིབ་དྲངས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་རིམ་གྱིས་སླར་གསོ་བྱུང་བར་བརྟེན། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་འཕར་བའི་རྣམ་པ་ཉེ་དུས་སླར་ཡང་མགྱོགས་སུ་འགྲོ་རྒྱུ་རེད་ཅེས་བརྗོད།