《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ཕྱི་འབྲེལ་པུས་བསྟན་དོན།

ལས་རིགས་ཁག་གི་གྲོགས་པོ་ཀྲུང་གོའི་གསར་བརྗེའི་གནས་མཆོག་ཏུ་ཡོང་བར་དགའ་བསུ་ཞུ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་རྒྱལ་སྤྱིའི་སྨྱན་སྦྱོར་ཚན་པ་མི་ཉུང་བ་ཞིག་གིས་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་བའི་གནད་དོན་ལ་དོ་ཁུར་བྱེད་བཞིན་ཡོད། ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཀྲུང་གོའི་གསར་བརྗེའི་གནས་མཆོག་ནི་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལས་རིགས་ཁག་གི་གྲོགས་པོ་ཀྲུང་གོའི་གསར་བརྗེའི་གནས་མཆོག་ཏུ་ལྟ་སྐོར་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། དེས་ཚང་མས་དངོས་འབྲེལ་གྱི་ཀྲུང་གོ་གུང་ཁྲན་ཏང་དང་དངོས་འབྲེལ་གྱི་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་པའི་ཡིད་ཆེས་ཡོད་ཅེས་བརྗོད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་དུས་རྒྱལ་སྤྱིའི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་འདིར་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་བའི་གནད་དོན་དེར་དོ་ཁུར་བྱེད་བཞིན་འདུག འཕྲིན་སྤེལ་ནང་གསར་བརྗེའི་ཡུལ་སྐོར་ལས་ཀྲུང་གོ་བའི་ཏང་གཅེས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་སོང་བ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་སོང་བ་མ་ཟད། རྒྱལ་ནང་གི་འཛད་སྤྱོད་ལའང་ཡར་སྐུལ་ཐུབ་ནས་གསར་བརྗེའི་བཅིངས་འགྲོལ་ས་ཁུལ་རྙིང་པ་མང་པོ་ཞིག་དབུལ་སྒྲོལ་དམངས་ཕྱུག་ཡོང་བར་རོགས་རམ་ཐུབ་སྟེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དངོས་འབྲེལ་བྱུང་ཡོད། དེའི་ཐད་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

དབང་ཝུན་པིན་གྱིས་གསར་བརྗེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ནི“གསར་བརྗེའི་གནས་རྟགས”མང་པོ་ཞིག་གཅིག་ཏུ་སྦྲེལ་བ་ཡིན་པས། གསར་བརྗེའི་ས་ཆ་ཚང་མ་ཀྲུང་གོ་གུང་ཁྲན་ཏང་མིས་མི་རིགས་བསྐྱར་དར་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་རང་སྲོག་ཤོར་བར་མི་འཛེམ་པ་དང་དཀའ་སྤྱད་འཚོལ་ཞིབ་བྱས་པའི་འབད་འབུངས་ཀྱི་ལོ་རྒྱུས་ལམ་ཚད་ཅིག་རེད། ལོ་རྒྱུས་ནི་སློབ་གཞི་ཡག་ཤོས་ཤིག་རེད། གསར་བརྗེའི་གནས་མཆོག་ཏུ་དངོས་སུ་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེར་སོང་བའི་བར་གྱི་བརྗིད་ཆེའི་ལོ་རྒྱུས་ཀྱི་ལམ་ཚད་ལ་ཤེས་རྟོགས་བྱས་ན། ང་ཚོ་གང་ནས་ཡོང་བ་བརྗེད་མི་སྲིད་ལ་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་ཡང་བྱེད་ཐུབ་ཅེས་བརྗོད།

དབང་ཝུན་པིན་གྱིས་གསར་བརྗེའི་ཡུལ་སྐོར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཚོ་བ་གསར་པ་བསྐྲུན་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་དེ་བས་ཀྱང་རེད། གསར་བརྗེའི་ཡུལ་སྐོར་དང་ཀྲུང་གོ་སྲིད་གཞུང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། དབུལ་སྐྱོར་འགག་སྒྲོལ། གྲོང་གསེབ་དར་རྒྱས། ཞིང་ལས་སྣ་མང་ཅན་སོགས་ཀྱི་སྲིད་ཇུས་རྣམ་གྲངས་ཟུང་འབྲེལ་དམ་ཟབ་བྱས་པས། ཐོན་རྫས་ཕུན་སུམ་ཚོགས་པ་དང་། གདམ་ག་སྣ་ཁ་མང་བ། རང་ལུགས་གསར་གཏོད་བཅས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་གྲུབ་ནས་གསར་བརྗེའི་བཅིངས་འགྲོལ་ས་ཁུལ་རྙིང་པ་དར་རྒྱས་ལ་སྟོབས་ཤུགས་ཀྱང་སྦྱིན་པ་མ་ཟད། དབུལ་པོའི་ས་ཁུལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་ཀྱང་བྱས་ཡོད། 2019ལོར་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་བྱེད་མཁན་མི་གྲངས་མི་ཐེངས་དུང་ཕྱུར་14ལྷག་ཙམ་ཟིན་པ་དང་ཡོང་འབབ་སྒོར་དུང་ཕྱུར་4000ལྷག་ཙམ་ཟིན་ཡོད། 2020ལོར་གསར་བརྗེའི་ཡུལ་སྐོར་གྱིས་རིམས་ནད་རྗེས་ཀྱི་ཀྲུང་གོའི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། དེ་དག་ཚང་མས་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ལ་ཚ་རླབས་འཕྱུར་བ་འདི་གཙོ་བོ་ཀྲུང་གོའི་མི་སེར་གྱིས་རང་མོས་དང་རང་འགུལ་ངང་གསར་བརྗེའི་གནས་མཆོག་ཏུ་ལྟ་སྐོར་ལ་ཕྱིན་པའི་འབྲས་བུ་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་མོས་སེམས་དང་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་ལ་འཛིན་པའི་སྤོབས་སེམས་ཀྱང་མངོན་ཡོད་པ་གསལ་བཤད་གང་ལེགས་ཐུབ་ཅེས་བརྗོད།

ཁོང་གིས་ཀྲུང་གོའི་གསར་བརྗེའི་གནས་མཆོག་ནི་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཀྱང་རེད། ཚང་མས་གསར་བརྗེའི་གནས་རྟགས་རེ་རེའི་ཁྲོད་ནས་ལོ་ན་གཞོན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་གནམ་ས་བརྗེས་ནས་ལེ་དབར་ཁྲི་ཡི་རི་ཀླུང་སྲུང་སྐྱོང་བྱེད་པའི་དཔའ་སྟོབས་ཆེ་བའི་ཕུགས་བསམ་ཚོར་ཐུབ། ཀྲུང་གོའི་གསར་བརྗེ་ཇི་ལྟར་བྱས་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འཕེལ་རིམ་ཤེས་རྟོགས་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཞབས་པའི་འདུ་ཤེས་དང་དམངས་ཆེད་ཀྱི་བརྩེ་སེམས་གཏིང་ཟབ་ཚོར་བ་དང་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་དང་མོས་གུས་ཇི་ལྟར་ཐོབ་པ་གསལ་པོ་རྟོགས་པ་བྱེད་དགོས་ཞེས་བརྗོད།

དབང་ཝུན་པིན་གྱིས“ང་ཚོས་ལས་རིགས་ཁག་གི་གྲོགས་པོ་ཀྲུང་གོའི་གསར་བརྗེའི་གནས་མཆོག་ཏུ་ལྟ་སྐོར་དུ་ཡོང་བར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན། དེ་ལྟར་བྱས་ན་ཚང་མས་དངོས་འབྲེལ་གྱི་ཀྲུང་གོ་གུང་ཁྲན་ཏང་དང་དངོས་འབྲེལ་གྱི་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད”ཅེས་བརྗོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཀྱིས་ཞུས)