《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

སྡེ་ཚན་མང་པོས་རྫོང་གྲོང་གི་ལྗང་མདོག་ཐཱན་ཉུང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་རྫོང་གྲོང་འཛུགས་སྐྲུན་གྱི་ཚགས་དམ་ཚད་དང་ཤུགས་ཚད་ཚོད་འཛིན་བྱེད་དགོས་ཞེས་བསྟན་པ།

《བསམ་འཆར》ནང་ས་གནས་དེ་གའི་རྫོང་གྲོང་གི་རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་དང་། ས་ཁམས་ཆགས་སྟངས། རང་བྱུང་ཆ་རྐྱེན། ནུས་པའི་ངེས་གནས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་སྤྱོད་གོ་ཆོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་དགོས་པ་མ་ཟད། ལྷག་པར་དུ་སྐྱེ་ཁམས་ནུས་པའི་ཁུལ་དང་ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་རྫོང་གྲོང་གིས་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ནས་ལྗང་མདོག་ཐཱན་ཉུང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྫོང་གྲོང་ནི་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་གནས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་འགག་རྩའི་མཚམས་ཚིགས་ཤིག་རེད་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་བརྟེན་གལ་ཆེན་ཞིག་ཀྱང་རེད། ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བཅོ་ལྔ་ཡིས《རྫོང་གྲོང་གི་ལྗང་མདོག་ཐཱན་ཉུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རྫོང་གྲོང་འཛུགས་སྐྲུན་གྱི་ཚགས་དམ་ཚད་དང་ཤུགས་ཚད་ཚོད་འཛིན་བྱེད་དགོས་ཞེས་བཏོན་པ་སྟེ། རྫོང་གྲོང་འཛུགས་སྐྲུན་བྱེད་པར་ཐོར་ཚགས་རན་པོ་དང་། གྲལ་འགྲིག་པོ། ལུགས་མཐུན་བཀོད་སྒྲིག་བཅས་བྱས་ནས་རྨོངས་ཚོད་ངང་ཚགས་དམ་ཚད་མཐོ་བ་དང་ཤུགས་ཚད་ཆེ་བའི་གསར་སྤེལ་མ་བྱུང་སྔོན་འགོག་བྱེད་དགོས་ལ། རྒྱ་ཆེ་རུ་གཏོང་རྒྱུ་ཁོ་ནའི་བསམ་བློ་བཀག་འགོག་ཀྱང་བྱེད་དགོས། རྫོང་གྲོང་གི་འཛུགས་སྐྲུན་ཁུལ་གྱི་མི་འབོར་མང་ཉུང་དེ་ཆ་སྙོམས་སྤྱི་ལེ་རེར་མི་ཁྲི་0.6ནས་ཁྲི་1བར་ཚོད་འཛིན་བྱེད་དགོས།

《བསམ་འཆར》ནང་ད་དུང་རྫོང་གྲོང་གི་དམངས་སྤྱོད་སྐྲུན་དངོས་ཀྱི་མཐོ་ཚད་དེ་མེ་ཟོན་རོགས་སྐྱོབ་བྱེད་ནུས་དང་གཅིག་མཐུན་ཡོང་བ་བྱེད་དགོས་ཞེས་བཏོན་པ་སྟེ། རྫོང་གྲོང་གི་གསར་སྐྲུན་སྡོད་ཁང་དེ་ཐོག་སོ་6གཙོ་བོར་བྱེད་པ་དང་ཐོག་སོ་6གམ་དེ་མན་གྱི་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་གྱི་བསྡུར་གྲངས་70%ལས་དམའ་མི་རུང་། གསར་དུ་སྐྲུན་པའི་ཐོག་སོ་མང་བའི་སྡོད་ཁང་ལ་གློག་སྐས་སྒྲིག་སྦྱོར་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། རྫོང་གྲོང་གི་གསར་དུ་སྐྲུན་པའི་སྡོད་ཁང་ཐོག་སོ་18ལས་མཐོ་མི་རུང། ཐོག་སོ་18ཡན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་དགོས་ཚེ་རིགས་པས་ཁུངས་སྐྱེལ་ནན་པོ་བྱེད་དགོས་པ་མ་ཟད། མེ་ཟོན་འཕྲལ་སྡོམ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་སོགས་འཛུགས་སྐྲུན་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས།

ད་རེས་བཀྲམ་པའི《བསམ་འཆར》ནང་ད་དུང་རྫོང་གྲོང་འཛུགས་སྐྲུན་བྱ་རྒྱུ་དེ་རང་བྱུང་ཁོར་ཡུག་དང་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་དགོས་པ་དང་། ལྗང་མདོག་འཛུགས་སྐྲུན་དང་འཛུགས་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། ལྗང་མདོག་གི་གྲོན་ཆུང་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པ། རྫོང་གྲོང་གི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ། ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱེད་དགོས་པ་སོགས་ཀྱི་འབྲེལ་ཡོད་བླང་བྱ་ཡང་བཏོན་ཡོད། མི་གཤིས་ཅན་གྱི་སྤྱི་པའི་ཁོར་ཡུག་སྐྲུན་པའི་ཐད《བསམ་འཆར》ནང་། རྫོང་གྲོང་གི་ཐང་ཆེན་གྱི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱས་ནས་སྲིད་འཛིན་ལྟེ་གནས་དང་། ཚོང་ལས་ཁུལ། རིག་གནས་སྒྲིག་བཀོད། སྡོད་གནས་ཁུལ་སོགས་སུ་གྲོང་མིས་ཉེ་སར་སྤྱོད་ཐུབ་པའི་སྤྱི་པའི་བར་མཐོངས་བསྐྲུན་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་། “གཞུང་ལམ་ཆུང་ངུ་དང་། ལམ་དྲ་དམ་ཚགས། ཁྲོམ་གཞུང་ཆུང་ངུ”བཅས་ལག་བསྟར་བྱས་ཏེ་རྫོང་གྲོང་གི་མི་སྡོད་ལ་འཚམ་པའི་བར་མཐོངས་གཏོད་དགོས། རྫོང་གྲོང་འགྲོ་ལམ་གྱི་ཞེང་ཚད་ཚོད་འཛིན་བྱས་ནས་རྫོང་གྲོང་ནང་ཁུལ་གྱི་འགྲོ་ལམ་གྱི་དམར་ཐིག་གི་ཞེང་ཚད་སྨི་40ལས་བརྒལ་མི་རུང་ཞེས་བཏོན་ཡོད།

《བསམ་འཆར》ནང་ད་དུང་ས་གནས་དེ་གའི་རྫོང་གྲོང་གི་རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་དང་། ས་ཁམས་ཆགས་སྟངས། རང་བྱུང་ཆ་རྐྱེན། ནུས་པའི་ངེས་གནས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་སྤྱོད་གོ་ཆོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་དགོས་པ་མ་ཟད། ལྷག་པར་དུ་སྐྱེ་ཁམས་ནུས་པའི་ཁུལ་དང་ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་གྱི་རྫོང་གྲོང་གིས་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ནས་ལྗང་མདོག་ཐཱན་ཉུང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)