《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་དར་སྤེལ་བཏང་ནས་ཏང་ལ་དགའ་ཞེན་གྱི་བརྩེ་སེམས་ཟབ་མོ་བཅངས་པ།

—— ས་གནས་ཁག་གིས“ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་རིག་གནས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཙེ་མིང་དང་ཞུས་ཀྲོང་།

གསར་བརྗེའི་གསུང་རབ་ཀློག་པ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྙན་ངག་འདུ་ཚོགས་འཚོགས་པ། རིག་རྩལ་འཁྲབ་སྟོན་བྱེད་པ། དམངས་སྲོལ་རིག་གནས་མྱོང་རོལ་སོགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ལ་ཉེ་བའི་མཚམས་སུ་ས་གནས་ཁག་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་གོ་སྐབས་སུ་བརྩིས་ཏེ། “ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ཉིན་ཤས་བསྟུད་མར་རྒྱ་ཆེའི་མང་ཚོགས་ཀྱིས་བྱེད་སྒོའི་ཁྲོད་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་དར་སྤེལ་བཏང་ནས་ཏང་ལ་དགའ་ཞེན་གྱི་བརྩེ་སེམས་ཟབ་མོ་བཅངས་ཡོད།

“འབྲུག་གཟུགས་བྱི་རིལ་འདི་ཞིམ་ལ་མཛེས་པོ་འདུག” “རྩྭས་བསླས་པའི་འབུ་བླ་མ་མ་ཎི་འདི་མཛེས་པོ་འདུག”ཟླ་6ཚེས་12ཉིན་གྱི་སྔ་དྲོར་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ཨན་ཡོན་ཆུས་ཆིང་ཧྲན་གྲོང་རྡལ་ཡོན་ཐུའོ་གྲོང་ཚོའི་རིག་གནས་ཐང་ཆེན་དུ“གྲོང་ཚོའི་གཅེས་ནོར་འཚོལ། གྲོང་ཚོས་གླུ་དབྱངས་ལེན། གྲོང་ཚོའི་སྒྱུ་རྩལ་ངོམ”ཞེས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་རིག་གནས་སྒྱུ་རྩལ་དུས་ཆེན་འཁྲུག་ཆ་ཤིན་ཏུ་དོད་པ་སྟེ། བྱི་རིལ་རི་མོ་དང་། ཁོག་མའི་མེ་ཏོག ཡིག་གཟུགས། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ། གནའ་བོའི་ཨ་རག་ཕབ་སྙོལ་སོགས་ཀྱི་ལག་ཤེས་པ་མང་པོ་ཞིག་མཉམ་དུ་འཛོམས་ནས་མང་ཚོགས་ལ་དམངས་སྲོལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས།

“ཀྲུང་གོ་གུང་ཁྲན་ཏང་ཞེས་པའི་མིང་འདི་ཐོག་མར་སུས་བཏོན་པ་ཡིན་ནམ” “ངས་ཤེས་ཀྱི་ཡོད། དེ་ནི་ཚའེ་ཧོ་སེན་རེད”བྱེད་སྒོ་སྤེལ་ཡུལ་དུ་བཙུགས་པའི་ཏང་གི་ལོ་རྒྱུས་ཤེས་བྱའི་བར་ཁྱམས་རིང་མོ་དེ་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་གྲས་ཤིག་རེད། ཆེད་མངགས་ཕྲུ་གུ་ཁྲིད་ནས་བྱེད་སྒོར་ཞུགས་མཁན་དབྱང་མིང་གིས“ལྔ་པའི་ཚེས་ལྔའི་ངལ་གསོའི་ཉིན་དང་པོར་ཕྲུ་གུས་ལྔ་པའི་ཚེས་ལྔའི་དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་མ་ཟད། ཏང་གི་ལོ་རྒྱུས་ཀྱི་དྲི་བར་ལན་འདེབས་ཐུབ་ནས་དྲན་གསོའི་དངོས་པོ་རག་པས་དོན་སྙིང་ཆེན་པོ་ལྡན”ཞེས་དགའ་སྤྲོའི་ངང་བཤད།

བརྗོད་དོན་གཙོ་བོའི་བྱེད་སྒོའི་ཚ་རླབས་གཞི་རིམ་མང་ཚོགས་ཁྲོད་འཕྱུར་བ་མ་ཟད། གཞོན་ནུ་ལོ་ཆུང་ཁྲོད་དུའང་དེ་བས་འཕྱུར།

ཆུས་ཡོན་གྱི་འཁྲུངས་ཡུལ་ཧུའུ་པེའི་དབྱི་ཁྲང་ཙི་ཀུའེ་རྫོང་དུ་མཚོ་ཁག་ངོགས་གཉིས་ནས་ཡོང་བའི་སྐུ་མགྲོན་དང་། རུས་ཆུས་ཀྱི་མི་རྒྱུད། ས་གནས་ཀྱི་མང་ཚོགས་བཅས་ཀྱིས་ཐུན་མོང་གི་དུས་ཆེན་ཆེད་མཉམ་འཛོམས་བྱས།

ཚེས་11ཉིན་གྱི་སྔ་དྲོར། སྒམ་བརླིང་དང་གནའ་ཉམས་བབ་ཆགས་ཀྱི་འགོ་འཛུགས་ཞབས་བྲོ《དཔའ་བོའི་སྙིང་སྟོབས་བསྐལ་བརྒྱར་གནས》ཞེས་པ་འཁྲབ་ནས་ཆུས་ཡོན་གྱི་འཁྲུངས་ཡུལ་དུ་ལྔ་པའི་ཚེས་ལྔའི་རིག་གནས་ཀྱི་དུས་ཆེན་ཚོགས་འགོ་ཚུགས།

ཆུས་ཡོན་གྱི་སྙིང་སྟོབས་བསྐལ་བརྒྱར་མི་ནུབ་པར་གནས་ངེས་ཡིན་ལ། ལྔ་པའི་ཚེས་ལྔའི་དུས་ཆེན་གཏོང་བའི་དོན་སྙིང་སྔར་བས་ཟབ་ཏུ་འགྲོ་ངེས་ལགས།

མཚོ་བོད་ས་མཐོར་གནས་པའི་གཞིས་རྩེའི་བདེ་ལེགས་སྡེ་ཁུལ་དུ་ཟླ་6ཚེས་10ཉིན“དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ང་ཚོའི་དུས་ཆེན”ཞེས་པའི་བྱེད་སྒོ་སྤེལ་བ་རེད།

སྡེ་ཁུལ་གྱི་གྲོང་མི་རྣམས་མཉམ་དུ་འཛོམས་པ་དང་བདེ་ལེགས་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅིས་ཚང་མར་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པ་རེད། གྲོང་མི་ཚོས་ལག་ཏུ་ཏང་དར་འཕྱར་ཏེ་ལག་ཐོགས་ཁ་པར་གྱིས“ངས་ཏང་ལ་ཏང་དར་དང་མཉམ་དུ་པར་ཞིག་ལེན་ཞེས་ཤོད་འདོད་ཡོད་པའི”བརྙན་ཐུང་བླངས་ཏེ་དུས་ཆེན་གྱི་སྤྲོ་སྣང་ལ་མཉམ་དུ་རོལ་བ་རེད།

ཟླ་6ཚེས་11ཉིན་ཀུའེ་དབྱང་གྲོང་ཁྱེར་ཤིའུ་ཝུན་རྫོང་ཀྲུང་གོའི་དབྱང་མིང་རིག་གནས་གླིང་དུ་ཀུའེ་དབྱང་གྲོང་ཁྱེར་གྱི་2021ལོའི“ང་ཚོའི་དུས་ཆེན་ཏེ། ལྔ་པའི་ཚེས་ལྔའི་དུས་ཆེན”གྱི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཤིའུ་ཝུན་རྫོང་ཚོད་ལྟའི་སློབ་ཆུང་གཉིས་པ་ནས་ཡོང་བའི་ཕྲུ་གུ་རྣམས་ཀྱིས་ལག་ཏུ་སྡེར་མ་ཁྱེར་ནས་ཞབས་བྲོ《སྡེར་གཙང་གི་གཞས》འཁྲབ་སྟེ་ཚང་མས་སྡེར་གཙང་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་བྱས་པ་རེད།

སྦྲང་ཆར་ཟིལ་མ་མུ་མཐུད་བབས་ཀྱང་དེ་གར་མང་ཚོགས་མི་ཉུང་བ་ད་དུང་ལྟད་མོ་ལྟ་བར་འོང་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དང་བླངས་ཞབས་ཞུའི་འགྲེམས་སྟེགས་བཙུགས་ནས་དང་བླངས་པ་ཚོས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། སྨན་བཅོས་བདེ་ཐང་། བཅའ་ཁྲིམས་ཞབས་ཞུ། ཁྱིམ་ཚང་ཞབས་ཞུ་སོགས་དང་འབྲེལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

(ཚེ་དབང་ལྷ་མོ་དང་པ་ཚེས་བསྒྱུར་ནས་ཞུས)