《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

བོད་ཀྱིས་ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་སྒོ་བྱང་བཀལ་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། 2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་འགྲེམས་སྟོན་གྱི་མུ་འབྲེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་ཁག་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་8ལ་སྒོ་བྱང་བཀལ་བ་རེད།

མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་ཐོན་ཁུངས་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་གཏོང་ཆེད། 2020ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དང་མངའ་རིས་ས་ཁུལ་རྩ་མདའ་རྫོང་བསྟི་ཡག་ཤང་སོགས་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་8ལ་ཁག་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་མིང་བཏགས་པ་རེད།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀན་ལི་ཆོན་གྱིས“ཉེ་བའི་ལོ་ཤས་རིང་ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་དམངས་ཆེད་རིག་གནས་དང་། རིག་གནས་དམངས་ཕན། རིག་གནས་དམངས་ཕྱུག་བཅས་ལ་མུ་མཐུད་སྐུལ་འདེད་བཏང་བས་དུས་རབས་གསར་པར་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད”ཅེས་བཤད་པ་རེད།

ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ཁག་ལྔ་པ་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་། མོན་པ་རིགས་ཀྱི་ས་མའི་དམངས་གཞས། ཚ་ཚ་བཟོ་བའི་ལག་རྩལ་སོགས་རྣམ་གྲངས་17ཚུད་ཡོད་པ་རེད། དེ་ལས་ད་བར་བོད་རང་སྐྱོང་ལྗོངས་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་106ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང“མངོན་མིན་རིག་གནས་ཤུལ་བཞག་ཚོང་འདུས”དང“ལྷ་མོ་འཁྲབ་སྟོན་གྱི་དུས་ཚིགས” “ལྷ་མོ་རྒྱུན་འཛིན་དང་སྲུང་སྐྱོང་རིག་གཞུང་བགྲོ་གླེང་ཚོགས་འདུ” “མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བ”སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)