《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

བོད་ཀྱིས་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་ བ་བྱེད་རྒྱུ་དེ་དམིགས་ཚད་གཙོ་བོར་བརྩིས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅིན་དབྱི་ཆིང་། སི་ཡོན།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་བ་དང་། ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོར་སླེབས་ཤིང་། 2020ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་དུས་མཚུངས་ལས་12.7%འཕར་བ་རེད། ཞིང་འབྲོག་པར་འབབ་འཕར་13%ཡོང་བ་བྱེད་རྒྱུ་དེ་དམིགས་ཚད་གཙོ་བོར་བརྩིས་ནས་མཐའ་འཁྱོངས་བྱེད་པ་ནི་བོད་རང་སྐྱོང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

ལོ་ངོ་70ཡི་རིང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ས་མཐོར་ངོ་མཚར་གསར་པ་ཟམ་མི་ཆད་པར་བཏོད་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་ཀྱི་རྒྱ་ཆེའི་ཞིང་བྲན་རྣམས་ལ་ཐོན་སྐྱེད་རྒྱུ་ཆ་རག་པས་ཐོན་སྐྱེད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1965ལོའི་སྒོར་108ནས་1978ལོའི་སྒོར་174བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་3.7%འཕར་ཡོད།

བཅོས་སྒྱུར་དང་མཐོར་གཏོང་གི་དུས་མཚམས་སུ་སླེབས་ནས་1993ལོར་སླེབས་སྐབས། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་703ཟིན་ཏེ་1978ལོ་དང་བསྡུར་ན་ལྡབ་3.0འཕར་ནས་ཆ་སྙོམས་9.8%འཕར་བ་རེད།

1994ལོར་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། བོད་སྐྱོར་ལས་དོན་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་ལོ་ལྔའི་འཆར་འགོད་ནང་བཅུག་ནས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ལོ་གསར་པ་བཏོད་པ་རེད། 2011ལོར་སླེབས་སྐབས། བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4885ཟིན་པ་དེ་1993ལོ་དང་བསྡུར་ན་ལྡབ་5.9འཕར་བ་དང་ལོ་རེར་ཆ་སྙོམས་11.4%འཕར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་བྱེད་ཟབ་ཏུ་གཏོང་བའི་ལས་དོན་ཚོགས་འདུ་བསྟུད་མར་འཚོགས་ནས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་ཀྱིས་སྤེལ་བ་དང་། གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་མི་རིགས་ཁག་གི་མི་དམངས་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པར་གྱུར་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་མ་དངུལ་དང་རྣམ་གྲངས་མི་འབོར་དབུལ་པོར་ཕྱོགས་པ་དང་ཆབས་ཅིག་བོད་སྐྱོར་མ་དངུལ་གྱི་80%ནས་90%བར་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་ནས་ཐོན་ལས་ཀྱི་འདེགས་སྐྱོར་དང་། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་སྔོན་བསྟར། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་བཅས་ཡག་པོ་བསྒྲུབས་ཡོད། ད་ཆ་རང་སྐྱོང་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་རྫོང་74ཚང་མའི་དབུལ་ཞྭ་ཕུད་ཡོད།

དབུལ་སྒྲོལ་གྱི་བརྒྱུད་རིམ་ནང་སྲིད་ཇུས་དང་ཐོན་ལས་ཕན་ཚུན་གཞོགས་འདེགས་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

ཞོགས་པ་སྔ་པོ་ནས་ནག་ཆུ་གྲོང་ཁྱེར་སྟག་གསར་ཤང་གི་གྲོང་མི་བཀྲ་ཤིས་ཚེ་རིང་གིས་ཟོག་འཁོར་ཆུང་གྲས་ཤིག་བཏང་ནས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་བསྐྱོད། “གཟའ་འཁོར་རེར་འོ་མ་ཐེངས་གཅིག་སྐྱེལ་གྱི་ཡོད། སྐྱེལ་ཐེངས་གཅིག་ལ་འབྲིའི་འོ་མ་རྒྱ་མ་བརྒྱ་ལྷག་ཙམ་ཡོད་པས་སྒོར་ཆིག་སྟོང་ལྷག་ཙམ་རག་གི་འདུག དེ་ལྟར་བྱས་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་དྲུག་བདུན་ཙམ་ཟིན་གྱི་འདུག”“ང་ཚོ་ཞིང་འབྲོག་པར་རོགས་རམ་བྱེད་མཁན་གྱི་ཁེ་ལས་འདི་འདྲ་ཡོད་པས་ཕྱུག་པོ་ཆགས་ངེས་རེད”ཅེས་བཀྲ་ཤིས་ཚེ་རིང་གིས་དགའ་སྤྲོའི་ངང་བཤད།

བཀྲ་ཤིས་ཚེ་རིང་སྡོད་སའི་ས་ཆ་ནི་མཐོ་གྲང་འབྲོག་ལས་རྐྱང་པའི་ཁུལ་ཡིན་པ་དང་། འབྲོག་ལས་ནི་ཡུལ་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོ་དེ་རེད། དེ་སྔ་གནམ་གཤིས་དང་གཟན་ཆག་སོགས་རྒྱུ་རྐྱེན་མང་པོས་ཤུགས་རྐྱེན་ཐེབས་ནས་ཡུལ་དེ་གའི་འབྲོག་པས་དགུན་དུས་ནོར་ལུག་བཙོངས་ནས་འབབ་འཕར་ཡོང་ཐབས་བྱེད་ཀྱི་ཡོད་པས་ཡོང་འབབ་བརྟན་པོ་མེད།

གྲང་མཛོད་དང་གྲང་ཕྲེང་ཟོག་འགྲེམས་སྒྲིག་སྦྱོར་བྱས་ནས་དེང་རབས་ཅན་གྱི་དཀར་ཆུ་ཐོན་སྐྱེད་འཁོར་ཁང་བཙུགས་པ་དང་། ཉེ་འགྲམ་འབྲོག་པའི་ས་ནས་འོ་མ་ཉོས་ནས་རྒྱུ་ཆ་བྱས་ཏེ་བོད་ལྗོངས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འོ་མའི་རྟེན་གཞི་100དང་འབྲོག་པ་དུད་ཚང་3200ལྷག་ཙམ་ཞུགས་པའི་ཐོན་སྐྱེད་འཁོར་འབྲེལ་བཙུགས་ཏེ་མི་16256ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། འོ་མ་ཉོས་པའི་དངུལ་སྒོར་ཁྲི་2044.96སྤྲད་པར་འབྲོག་པ་མང་ཚོགས་14773ལ་ཕན་པ་ཐོབ་པ་རེད།

སྤེན་པ་ནི་དེ་སྔ་ས་གནས་དེ་གའི་འབྲོག་པ་ཞིག་ཡིན་ཞིང་། 2017ལོར་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཡོང་ནས་བཞོན་མ་གསོ་ཚགས་བྱེད་ཀྱི་ཡོད། ཐག་ཉེ་སར་ལས་ཞུགས་ཐུབ་པ་ལས་སྤེན་པའི་ཁྱིམ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ད་ཆ་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་བརྒྱབ་ཟིན་པ་དང་ཁྱིམ་དུ་འཇིབ་ཆུང་ཞིག་ཀྱང་ཉོས་ཡོད་པ་རེད། སྤེན་པས“དེ་སྔ་ལོ་གཅིག་ཕྱུགས་འཚོས་ཀྱང་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ལས་མེད། ད་ཆ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་ལྔ་ལྷག་ཙམ་ཡོད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཐོན་ལས་ཅན་འཕེལ་རྒྱས་མྱུར་པོ་བྱུང་ནས། ནས་དང་། འབྲི་གཡག བོད་ཕག བོད་ལུག དཀར་ཆུ། སྔོ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་བདུན་གཙོ་གནད་དུ་བྱས་པའི“7+N”ཡི་འཕེལ་རྒྱས་རྣམ་པ་ཆགས་པ་མ་ཟད། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྟེན་གཞི་10གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ཟོག་ཐོན་རྫས་རྟེན་གཞི་གལ་ཆེན་བཙུགས་པ་དང་ཆབས་ཅིག སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་162དང་13475སོ་སོར་ཟིན་ནས་2015ལོ་ལས་65%དང་ལྡབ་1.9འཕར་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཕྱོགས་བསྡུས་གཞན་སྒྱུར་བྱེད་ཚད་15%ཟིན་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)